བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་བཞིན་འདུག

ཉིན་གྲངས་གསུམ་རིང་གི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་དོན་ཚན་ ༡༡ ཐོག་གྲོས་བསྡུར་གནང་བཞིན་འདུགཁ་སང་ཕྱི་ཚེས་ ༦ ཉིན་ནས་མགོ་འཛུགས་ཀྱིས་ཉིན་གྲངས་ ༣ རིང་། དྷ་རམ་ས་ལའི་(Club House)གསོལ་མགྲོན་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་ཡོད་པ་དང་། ཁ་སང་ཚོགས་ཆེན་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས། བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་སྤྱིན་བདག་ཁག་ཅིག དེ་བཞིན། ས་གནས་ཁག་ ༢༦ ནས་བཅར་བའི་ཚོགས་མི་བཅས་མི་གྲངས་ ༦༨ ཙམ་འཛོམས་འདུག་ལ། ཚོགས་པའི་ངོས་ནས་སྐུ་མགྲོན་གཙོ་བོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཚོགས་པར་དཔལ་འབྱོར་གྱི་རོགས་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་ཡོད་པ་རེད།

རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་ལས་བསྡོམས་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོའི་གྲས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགུལ་སྤེལ་ཕྱོགས་ཞེས་པའི་གྲོས་གཞི་དེ་གལ་ཆེ་ཤོས་ཤིག་ཡིན་སྟབས་ཚོགས་བཅར་བ་རྣམ་པས་གྲུབ་འབྲས་ལྡན་པ་དང་གནད་ལ་ཕིགས་པའི་དགོངས་འཆར་གནང་བའི་རེ་བ་ཡོད། ཅེས་དང་།   ཁོང་གིས་ཚོགས་པའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཐོག འགན་འཛིན་ལྷན་ཚོགས་རིམ་པའི་གྲོས་ཆོད་ལས་མ་འགལ་བ་དང་ལྟ་བ་ལངས་ཕྱོགས་མ་འགྱུར་བའི་ཐོག་ནས། ད་ལྟ་མང་གཙོ་ཚོགས་པར་ལས་ཁང་གསར་པ་ཉོ་ཐུབ་ཡོད་པ་དང་། དེ་ཡང་མ་དངུལ་བསྡུ་རུབ་བྱས་ཏེ་ལས་ཁང་ཉོས་པ་ལས་ཚོགས་པའི་མ་རྩ་གང་ཡོད་པ་རང་འཇགས་བཞག་ཡོད་པ་དང་། མ་འོངས་པར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་དཔལ་འབྱོར་གྱི་དཀའ་ངལ་ཡོད་སྐོར་དང་། མང་གཙོ་ཚོགས་པ་གསར་འཛུགས་སྐབས་༧གོང་ས་མཆོག་གིས་ལྷག་བསམ་བཟང་པོ་ཞིག་གི་ཀུན་ནས་བསླངས་ཏེ་དམིགས་ཡུལ་བཟང་པོ་ཞིག་བསྒྲུབ་རྒྱུའི་དོན་དུ་ཐབས་བཟང་པོ་ཞིག་འགོ་བཙུགས་པ་རེད། འདི་ཤིན་ཏུ་ཡག་པོ་བྱུང་འདུག ཅེས་སོགས་བརྗོད་ཡོད་པ་རེད།དམིགས་བསལ་སྐུ་མགྲོན་གཞོན་ལྷན་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་ཐོག་མར་༡༩༩༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་གི་ཐོག་༧གོང་ས་མཆོག་ནས་ཐུགས་རེ་གནང་བ་བཞིན། གཞོན་ནུ་ལྷན་ཚོགས་ནས་མང་གཙོ་ཚོགས་པ་དེ་སྲིད་དོན་ཚོགས་པའི་ངོ་བོར་གསར་འཛུགས་བྱས་པའི་བརྒྱུད་རིམ་དང་སྦྲགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚོགས་ཆེན་འདིའི་ཐོག་བསམ་འཆར་ཕུལ་སྲོལ་ཡོད་པ་ལྟར། ཚོགས་པ་འདི་ཐོག་མར་གསར་འཛུགས་གནང་སྐབས་ཀྱི་དགོས་དམིགས་ལ་གཟིགས་ནས་འདས་པའི་ལོ་ངོ་ ༢༠ ཙམ་གྱི་ནང་མདུན་སྐྱོད་གནང་ཐུབ་ཡོད་མེད་ཐད་ལ་བསྐྱར་ཞིབ་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་དང་། རྒྱ་ནག་གི་དབང་སྒྱུར་འོག་སྲིད་དོན་ཚོགས་པ་འཛུགས་མི་ཆོག་པ་དང་མང་གཙོ་མེད་པ་དང་། མང་གཙོའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་འཛུགས་ཆོག་གི་ཡོད་སྐོར་དང་། མང་གཙོ་ཟེར་དུས་མང་ཕྱོགས་ཐོག་ནས་ཐག་གཅོད་ཀྱི་ཡོད་ནའང་། ཉུང་ཕྱོགས་དེ་གལ་ཆེན་པོ་ཡིན་པས་བརྩི་བཀུར་དགོས་པ། དེ་བཞིན། ང་ཚོ་བོད་ཤོར་བའི་སྐྱབས་བཅོལ་བ་ཞིག་ཡིན་པས། བོད་ནང་དཀའ་ངལ་གང་ཡོད་པ་ཤེས་རྟོགས་ཡོད་པའི་ཐོག ད་ལྟ་འདི་འདྲ་བྱས་ནས་བསྡད་ན་འགྲིག་གི་ཡོད་མེད་ལ་བསམ་བློ་བཏང་སྟེ། ལས་དོན་སྔར་ལྷག་ཚགས་ཚུད་ཡོང་ཐབས་གནང་དགོས་སྐོར་སོགས་བརྗོད་ཡོད་པ་རེད།ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས། ཚོགས་ཆེན་གྱི་གྲོས་གཞི་ ༡༡ རྣམས་ལ་རེ་རེ་བཞིན་དགོངས་འཆར་དང་ལམ་སྟོན་གནང་བ་དང་འབྲེལ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ནི་སྐབས་དང་དུས་ལ་བརྟེན་ནས་བསྐྱར་བཅོས་གནང་དགོས་པ་བྱུང་ཡོད་པ་དང་། བསྐྱར་བཅོས་ཟིན་པའི་སྒྲིག་གཞི་དེ་ཚོགས་བཅར་བ་ཚོས་ཀློག་དགོས་པ་མ་ཟད། ཆབ་སྲིད་དང་ཁྲིམས་སྒྲིག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ནང་གླེང་སློང་ཞིག་ཡོང་གི་ཡོད་ཚེ། སྤྱི་འཐུས་ལྷན་ཚོགས་ནས་དེ་སྔ་ཕྱི་ལོ ༡༩༩༡ ལོར་ཁྲིམས་སྒྲིག་ ༢༧ གཏན་འབེབས་གནང་ཡོད་པ་དང་། དེ་ནི་བཀའ་སྤྱི་ཁོ་ནའི་ཐུགས་བསམ་བཞེས་རྒྱུ་ཞིག་མིན་པར་ཚང་མས་ངེས་པར་དུ་ཀློག་དགོས་པ་གནད་འགག་རེད། ཅེས་སོགས་གསུངས།

ཐེངས་འདིའི་ཚོགས་ཆེན་ཐོག་བརྗོད་གཞི་དོན་ཚན་ ༡༡ གི་ནང་ནས་གཙོ་བོ་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་། བོད་ནང་གི་ཛ་དྲག་གནང་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་སྤེལ་རྒྱུ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་ལས་འགུལ་སྤེལ་ཕྱོགས། ཚོགས་མི་གྲངས་སྤར་དང་ཡན་ལག་གསར་འཛུགས། དཔལ་འབྱོར་ཡར་རྒྱས། དེ་བཞིན། དབུས་ས་གཉིས་ཀྱི་རྒྱུན་ལས་རྒྱུན་ཟུར་ཚང་མའི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་ཐབས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འབྲེལ་ལམ་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་ཡིན་པ་བཅས་ཀྱི་ཐོག་བགྲོ་གླེང་དང་གོ་བསྡུར་གནང་གི་འདུགམང་གཙོ་ཚོགས་པའི་དབུས་རྒྱུན་གསར་པ་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་མཐའ་མར་སྐབས་བརྒྱད་པའི་དབུས་རྒྱུན་གསར་འདེམས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༠༧

Leave a Reply

2 thoughts on “བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    མིའི་ལུང་པའི་ནང་བཙན་བྱོལ་བོད་གཞུང་ཡང་འབོད་ས་མེད་ན་
    རང་ལ་དབང་བའི་ས་ཆ་ལག་ཐིལ་ཙམ་ཡང་མེད་པར་སྲིད་དོན་ཚོགས་
    པ་དེ་བས་ཀྱང་གང་ནས་ཡོང་དེ་ལས་དབུས་བོད་མིའི་སྒྲིགས་འཛུགས་ལ་ཉི་
    མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་གནང་རྒྱུ་དེ་གལ་ཆེའི་ནང་གི་གལ་ཆེན་
    ཞིག་ལ་ངོས་འཛིན་ཞུ་གི་ཡོད།

  2. ༄།བོད་མི་སྒྲིག་འཛུགས་འདི་སྲིད་དོན་ཚོགས་པ་མེད་པའི་སྒྲིག་འཛུགས་ཞིག་ཡིན་པས་སྲིད་དོན་ཚོགས་པ་ངོ་བོའི་ཐོག་ཚོགས་པ་སུ་ཡང་ཡོང་ཤེས་ཐབས་མེད།རྩ་བ་ཡོད་ཀྱང་ཡན་ལག་རྒྱས་རྒྱུ་མེད་པའི་ཚོགས་པ་འདི་ཡར་རྒྱས་་དགོས་ཚེ་།ཚོགས་པའི་ཚོགས་མི་དང་ཚོགས་པའི་སྣེ་ཁྲིད་མཁན་ལ་རགས་ལུས་ཡོད་པས་གལ་སྲིད་མང་གཙོ་ཚོགས་པ་ཡར་རྒྱས་འགྲོ་འདོད་ན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་་རྣམས་བོད་པའི་སྤྱི་ཚོགས་སུ་གནད་ཚད་དང་ལྟ་ཕྱོགས་བཟང་པོ་ཡོད་པའི་མི་སྣ་བསྐོས་་བཞག་དགོས་རྒྱུ་གལ་ཆེ།