གླིང་ཚ་བོར་ནས་ལོ་ངོ་ཧྲིལ་བོ་ ༦ ཕྱིན་པར་དྲན་གསོ་བྱས།

བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་ཏེ་ལོ་ངོ་ ༦ འཁོར་བའི་ཉིན་མོ་དང་བསྟུན་མ་འོངས་པར་ཁོང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་བར་དུ་ལོ་ལྟར་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་སྐོར་བརྗོད་བྱུང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། དྷ་རམ་ས་ལའི་མེག་གྷན་བཞི་མདོ་རུ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ས་གནས་རྒྱུན་ལས་གཉིས་ཀྱི་གོ་སྒྲིག་འོག བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་པའི་ཉིན་མོ་དང་བསྟུན། བོད་དོན་ཞི་བའི་འཐབ་རྩོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་བ་ཞེས་པའི་ཡིག་ཆ་འགྲེམས་སྤེལ་དང་། ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྱེད་གང་དུ་ཡོད་ཅེས་པའི་སྦྱར་བྱང་དང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་གོམ་བགྲོད་མགོ་འཛུགས་ཀྱི་བརྒྱུད་རིམ་དང་མི་ཚེའི་ལོ་རྒྱུས། གླིང་ཚ་ལགས་ཀྱི་ཞི་བའི་གོམ་བགྲོད་སྐབས་ཞོན་པའི་རྐང་འཁོར་སོགས་བཤམ་སྟོན་བྱས་ཏེ། ཁོང་བོད་དོན་ཞི་བའི་འཐབ་རྩོད་ཁྲོད་བོར་བརླག་ཏུ་ཕྱིན་ནས་ལོ་ངོ་ཧྲིལ་བོ་ ༦ ཕྱིན་པར་དྲན་གསོའི་ལས་འགུལ་ཞིག་སྤེལ་གྱི་འདུག་ལ། དེ་རིང་གི་ཉིན་མོ་དང་བསྟུན་ས་གནས་ཁག་ ༣༠ ལྷག་ནང་ས་གནས་མདོ་སྨད་རྒྱུན་ལས་རྣམས་ཀྱིས་ཡིག་ཆ་འགྲེམས་སྤེལ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་མདོ་སྨད་དབུས་སྤྱི་ཁྱབ་ཚོགས་གཙོ་དགེ་བཤེས་རྔ་བ་གངས་རི་ལགས་སུ་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ག་རེ་ཡིན་དྲིས་པར་ཁོང་གིས། རྒྱུ་མཚན་གཙོ་བོ་དེ་སྔོན་མ་མདོ་སྨད་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་གི་སྟེང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གནས་ཚུལ་གོ་ཐོས་དང་རྙེད་སོན་མ་བྱུང་བར་དུ་དང་། ཡང་ན་ཁོང་གི་སྐོར་ལ་རྩད་ཡག་པོ་ཞིག་མ་ཆོད་བར་དུ་ཁོང་བོར་བརླག་ཏུ་སོང་བའི་ཉིན་མོ་དེར་ཁོང་གི་སྐོར་ལ་གང་ཐུབ་ཅི་ཐུབ་ཀྱིས་ལས་འགུལ་སྤེལ་དགོས་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། གཉིས་ནས་ཁོང་ཉིད་བོར་བརླག་ཏུ་ཕྱིན་པ་དེ་བོད་བསྟན་སྲིད་ཡོངས་ཀྱི་ཆེད་དུ་ཡིན་སྟབས་ལོ་རེ་བཞིན་ཁོང་བོར་བརླག་ཕྱིན་པའི་ཉིན་མོ་དང་བསྟུན་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་བཏང་བྱས་ན་ཁོང་གི་སྐོར་ལ་ལས་འགུལ་སྤེལ་རྒྱུ་དང་ཁོང་འཚོལ་རྒྱུ་སོགས་མདོ་སྨད་གཅིག་པུའི་ལས་ཀ་ཞིག་མ་ཡིན་པར། བོད་ཆོལ་ཁ་གསུམ་དང་བོད་མི་ས་ཡ་དྲུག་གི་ལས་འགན་ཞིག་ཡིན་པ་དང་། རྒྱ་ཆེ་ས་ནས་བཤད་ན་ཁོང་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་ཆེད་དུ་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་ལམ་དབུ་མ་ལ་ཡིད་ཆེས་ཡོད་པའི་ངང་ནས་ལས་འགུལ་སྤེལ་མཁན་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་པ་རེད། དེར་བརྟེན་ང་ཚོའི་ངོས་ནས་ལོ་ལྟར་ཁོང་གི་སྐོར་ལ་བགྲོ་གླེང་ཚོགས་པ་སོགས་ལས་འགུལ་རབ་དང་རིམ་པར་སྤེལ་གནང་ཡོད་པ་དང་། སྤྱིར་ཁོང་གི་སྐོར་ལ་མི་ཤེས་མཁན་དང་མི་མཁྱེན་མཁན་མེད་ན་ཡང་ང་ཚོའི་སྤྱི་ཚོགས་ནང་ཁོང་གི་སྐོར་ལ་ལས་འགུལ་སྤེལ་མཁན་ཉུང་ཉུང་ཡིན་སྟབས། དེ་རིང་གི་ལས་འགུལ་དེ་གཙོ་བོ་ཐབས་ཟད་ནས་མདོ་སྨད་དབུས་ས་གཉིས་ནས་གོ་སྒྲིག་བྱས་པ་ཞིག་ཡིན། དེ་རིང་གི་ལས་འགུལ་དེ་ས་གནས་ ༣༠ ལྷག་ནང་ཡོད་པའི་མདོ་སྨད་དབུས་ས་གཉིས་ནས་ས་གནས་ཡུལ་ཁྲིམས་དང་མཐུན་པའི་ངང་ཡིག་ཆ་འགྲེམས་སྤེལ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

འདས་པའི་ལོ་ ༦ ནང་གླིང་ཚ་ལགས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་ཆེད་མདོ་སྨད་དབུས་ས་གཉིས་ནས་ལས་དོན་ག་རེ་གནང་ཡོད་པ་དང་།  བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་བྱས་ཏེ་ཁོང་གི་སྐོར་ཤེས་རྟོགས་ཡོང་ཐབས་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་དེ་སྔོན་ནས་བོད་མིའི་སྒྲིག་འཛུགས་ངོས་ནས་ཁོང་གི་སྐོར་ལ་རྩད་གཅོད་ཤུགས་ཆེན་པོ་ཞིག་གནང་ཡོད་པ་དང་། མདོ་སྨད་དབུས་རྒྱུན་སྐབས་ ༡༦ པར་ང་རང་ཚོགས་གཙོ་ཡིན་པ་ལྟར་སྐབས་དེའི་ལས་འགུལ་དང་པོ་དེ་གླིང་ཚ་འཚོལ་རྒྱུ་དེ་ཡིན་པས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་དྲུང་ཡིག་དང་ང་གཉིས་གླིང་ཚ་འཚོལ་དུ་ཕྱིན་པ་རེད། སྐབས་དེར་ལྡི་ལིའི་རྒྱ་གར་གྱི་གསང་བའི་ལས་ཁུངས་ཆེན་པོ་ཞིག་ནས་ད་ལྟ་གླིང་ཚའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱིས་འཚོལ་ཞིབ་བྱེད་བཞིན་ཡོད་ན་ཡང་ཁོང་གི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཕལ་ཆེར་ཁོང་ཆུའི་ནང་དང་བྲག་ཁ་ལྟ་བུ་ཞིག་ནས་མཆོངས་པ་མིན་ན་ཧ་ལམ་རྒྱ་གར་ནང་དུ་མི་འདུག་ཅེས་བརྗོད་སོང་བ་དང་། གང་ལྟར་སྐབས་དེར་ང་ཚོས་བཙལ་ནས་མཐའ་མ་དེར་ཀ་ལིམ་སྦུག་གི་སྲད་རྒྱུད་གྲྭ་ཚང་དུ་ཁོ་རང་གི་རྐང་འཁོར་བཞག་ཡོད་པ་དེ་རང་ལས་ད་བར་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད། ཅེས་བརྗོད་བྱུང་།

དེ་རིང་གི་ལས་འགུལ་དང་བསྟུན་མདོ་སྨད་དབུས་རྒྱུན་ངོས་ནས་གླིང་ཚའི་སྐོར་ལ་ཡིག་ཆ་ཞིག་འགྲེམས་སྤེལ་བྱེད་བཞིན་པའི་ནང་། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཟའ་ཟླ་བུ་ཕྲུག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། རྒྱ་གར་ཚ་བའི་ལུང་པར་སྔ་ཕྱི་ཐེངས་གཉིས་རིང་ཁྱོན་བསྡོམས་ཉིན་གྲངས་ ༡༥༠ དང་སྤྱི་ལེ་ ༣༤༤༨ ལྷག་ལ་ཞི་བའི་གོམ་བགྲོད་གནང་སྟེ་བོད་དོན་ཞི་བའི་འཐབ་རྩོད་གནང་ཡོད། གླིང་ཚ་ཕྱི་ལོ་ ༡༩༩༥ ལོར་རྒྱ་གར་དུ་ཕེབས་ཏེ་སློབ་གཉེར་གནང་རྗེས་ཕྱིར་བོད་དུ་ལོག་ཡོད་ཀྱང༌། རྒྱ་གཞུང་གིས་བླ་བྲང་དགོན་པའི་གྲྭ་མང་ལ་༧པཎ་ཆེན་རྒྱལ་མཚན་ནོར་བུ་ངོས་ལེན་མིང་རྟགས་འགོད་དགོས་པའི་བཙན་བཀའ་བཏང་ཡོད་སྟབས་ཁོང་གིས་དེ་ལ་ངོ་རྒོལ་གནང་སྟེ་ཕྱིར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད། ཅེས་བཀོད་འདུགཡང་ཡིག་ཆ་དེའི་ནང་ཕྱི་ལོ་ ༢༠༡༣། ༣། ༡༠ ཉིན་དྷ་རམ་ས་ལའི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་སྟེང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གཅིག་པུས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་གནང་ཡོད་པ་དང་། སྐབས་དེར་ཁོང་ཉིན་གྲངས་ ༨༩ རིང་རྒྱ་གར་གྱི་མངའ་སྡེ་ ༦ ཙམ་བརྒྱུད་དེ་སྤྱི་ལེ་ ༢༡༤༨ ལ་གོམ་བགྲོད་གནང་མཐར་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་གྱི་ནུབ་བྷང་གྷལ་མངའ་སྡེའི་ཀ་ལོན་སྦུག་སྲད་རྒྱུད་གྲྭ་ཚང་ནས་རྐང་འཁོར་དང་ཅ་དངོས་བཞག་སྟེ་གསང་སྟབས་ཀྱིས་ཕྱིན་ཡོད། ཉིན་དེ་ནས་བཟུང་ད་བར་ལོ་ངོ་ ༦ རིང་རྒྱལ་གཅེས་དཔའ་བོ་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད། ཁོང་གིས་ཕྱི་ལོ་༢༠༡༣།༦།༦ ཉིན་ཆེས་མཐའ་མཇུག་གི་གནས་ཚུལ་ཞིག་དྲ་ལམ་དུ་བཀྲམས་པའི་ནང་། ང་དེ་རིང་བར་དུ་ཞི་བའི་གོམ་བགྲོད་ལ་གས་ཆག་མ་ཤོར་བར་སྤྱི་ལེ་ ༢༡༤༨ དང༌། ཉིན་གྲངས་ ༨༩ ། མངའ་སྡེ་ ༦ ཙམ་ནང་སོང་ཚར་ནས་མི་རིང་བར་མངའ་སྡེ་བདུན་པ་ཞིག་བརྒྱུད་ནས་རང་ཡུལ་གངས་ཅན་ལྗོངས་སུ་རང་ལུས་འདི་འཕེན་ཐབས་བྱེད་དགོས་པ་དེ་ཡིན། རང་ལུས་འདི་བོད་ཡུལ་ལ་སླེབས་ཉིན་ནས་ནམ་ཞིག་ང་རང་ལ་མཇུག་འབྲས་གསུམ་མ་གཏོགས་གང་ཡང་མེད། གཅིག་གར་སོང་ཆ་མེད། གཉིས་སྡུག་སྦྱོང་མནར་གཅོད་ཁྲོད་ནས་ཤི་རྒྱུ། གསུམ་ལོ་ངོ་མི་ཉུང་བ་ཞིག་ལ་ཁྲིམས་ཆད་ཀྱི་སྡུག་ལས་སྣ་དགུ་མྱངས་ནས་རྒྱའི་བཙོན་འོག་ནས་ལུས་རྒྱུ་དེ་ཡིན། ཞེས་བཀོད་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་གོམ་བགྲོད་སྐབས་ཞི་བའི་འབོད་ཚིག་དོན་ཚན་ལྔ་སྟེ་དང་པོ། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ྋརྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། དོན་ཚན་གཉིས་པ། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོ་བོར་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས དོན་ཚན་གསུམ་པ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། ། དོན་ཚན་བཞི་པ། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། དོན་ཚན་ལྔ་པ། ད་ལྟ་བོད་ནང་གདུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༠༨

Leave a Reply

2 thoughts on “གླིང་ཚ་བོར་ནས་ལོ་ངོ་ཧྲིལ་བོ་ ༦ ཕྱིན་པར་དྲན་གསོ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཆོལ་གསུམ་བོད་མིའི་ཆིག་བསྒྲིལ།
    བོད་དོན་བདེན་པའི་ནུས་ཤུགས།
    ཆོལ་ཁ་ལུང་ཚན་གྲགས་ནས།
    བོད་དོན་བདེན་གསལ་གང་ཤེས།

    ཕོ་རྒོད་གླིང་ཚ་རྡོ་རྗེས།
    ཆོད་སེམས་འགན་འཁུར་བླངས་ནས།
    བོད་དོན་སེལ་བའི་གདམས་ཆ།
    ལོ་རྒྱུས་ནང་དུ་བཞག་སོང།

    བཙན་བྱོལ་ནང་གི་ཚོགས་སྐྱིད།
    བོད་དོན་བདེན་མཐའ་སེལ་བའི།
    ལས་འགུལ་མཉམ་རུབ་གནང་ན།
    མི་ཐུབ་བྱ་བ་གང་ན་ཡོད།

  2. ༄།རྡ་རམ་ས་ལས་གཞན་པའི་ས་གནས་གང་དུ་ཡང་ལས་འགུལ་འདི་ལྟ་་སྤེལ་གྱི་་ཡོད་པ་མཐོང་ཐོས་གཉིས་ཀ་མི་འདུག་པས་ས་གནས་ཀྱི་འགན་ཁུར་བས་མ་འགྲིག་པ་རེད་ཟེར་དགོས་ཀྱི་ཡོད་དམ།