རིས་མེད་མཁས་པའི་བགྲོ་གླེང་ཐེངས་བཞི་པ་མཇུག་སྒྲིལ།

ཆོས་བརྒྱུད་ཁག་གི་རིས་མེད་མཁས་པའི་བགྲོ་གླེང་སྟེང་བོན་གྱི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་རིས་མེད་ཀྱི་ལྟ་གྲུབ་ཟེར་བ་གསར་དུ་བྱུང་བ་ཞིག་མ་ཡིན་པར་པར་བོན་གྱི་སྐྱེས་བུ་བླ་ཆེན་པོ་དྲན་པ་ནམ་མཁའ་ནས་བཟུང་ཡོད་སྐོར་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ཚེས་༤ ནས་ ༧ བར་ཉིན་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཀྱི་མཉམ་སྒྲུབ་འོག གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་རིས་མེད་མཁས་པའི་བགྲོ་གླེང་ཐེངས་བཞི་པ་ཚོགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རྣམ་གཉིས་གཙོའི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་ནས་གསུང་བཤད་མཁན་སློབ་དཔོན་དང་མཁས་དབང་གཉིས་རེ་གདན་ཞུ་གནང་སྟེ། ཚོགས་བཅར་བ་ཉིས་བརྒྱ་ལྷག་གིས་ཉིན་བཞིའི་རིང་མངོན་པ་མཛོད་དང་། བོན་གཞུང་སྲིད་པའི་མཛོད་ཕུགས་སྐོར་ནས་བགྲོ་གླེང་གནང་ཡོད་འདུག

དེ་འབྲེལ་གྱི་གནས་ཚུལ་ཞིག་མཁོ་སྤྲོད་གནང་བའི་ནང་། དེ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་གོད་ཆག་ལ་བསམ་གཞིགས་ཀྱིས་རང་གཞུང་དཔལ་ལྡན་ཆོས་རིག་ལས་ཁུངས་ནས་ཉེ་བའི་ལོ་འགའི་ནང་རྒྱ་གར་ནང་བའི་གདན་ས་ཁག་ཏུ་ཆོས་ལུགས་རིས་མེད་ཀྱིས་བགྲོ་གླེང་ཐེངས་གསུམ་ཙམ་བསྐོང་ཚོགས་ཀྱིས་ཆོས་ལུགས་པ་ཕན་ཚུན་བར་ལྟ་གྲུབ་མཉམ་གནས་དང་། རིག་གཞུང་རྒྱུས་ལོན་བྱེད་པའི་སྡིང་ཆ་གལ་ཆེན་ཞིག་བསྐྲུན་པར་གདན་ས་ཁག་གི་སློབ་གཉེར་བས་དགའ་མོས་དང་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ད་ལམ་ཡང་རང་གཞུང་དཔལ་ལྡན་ཆོས་རིག་ལས་ཁུངས་ནས་སྔར་ལས་ལྷག་པའི་བགྲོ་གླེང་གི་བརྗོད་བྱ་གཏིང་ཟབ་དང་། མཁས་མང་གདན་ཞུས་ཀྱིས་ཆོས་ལུགས་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་ནས་གསུང་བཤད་སློབ་དཔོན་མཁས་དབང་གཉིས་རེ་གདན་ཞུས་ཀྱིས་ཚོགས་བཅར་བ་ཉིས་བརྒྱ་ལྷག་གིས་ཉིན་བཞིའི་རིང་མངོན་པ་མཛོད་དང་། བོན་གཞུང་སྲིད་པའི་མཛོད་ཕུགས་སྐོར་ནས་བགྲོ་གླེང་གནང་ཡོད་པ་རེད། ཅེས་འཁོད་འདུག
བགྲོ་གླེང་འཛུགས་སྐབས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས། རིས་མེད་བགྲོ་གླེང་འདི་ལོ་ངོ་དུ་མའི་རིང་ནས་ཆོས་བརྒྱུད་མ་འདྲ་བ་ཁག་གི་གདན་ས་རེ་མོས་ཀྱིས་ཚོགས་བཞིན་ཡོད་པ་དང་། ཐེངས་འདིར་ཡང་ངེད་ཆོས་རིག་ལས་ཁུངས་ནས་གདན་ས་སྨན་རིའི་གླིང་དུ་ཚོགས་མོས་ཀྱི་རེ་སྐུལ་ལྟར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་མཁན་སློབ་དབུས་དགའ་མོས་ཀྱིས་ངོས་བཞེས་དང་གྲ་སྒྲིག་རིམ་པར་གནང་བ་ཐོག་མར་ཐུགས་རྗེ་ཆེ་ཞུ་བ་དང་། ལོ་ངོ་དྲུག་ཅུའི་རིང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་དབུ་ཁྲིད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་སྐུ་ངལ་གང་མང་བསྐྱོན་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ། མ་ཉམས་གོང་འཕེལ། སྔར་མེད་གསར་གཏོད་ཀྱིས་རིག་གཞུང་ཆ་ཚང་བ་འདི་དག་མི་ཐོག་ཕྱི་མ་དག་ལ་རྩིས་སྤྲོད་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། ཆོས་བརྒྱུད་ཁག་ཡིན་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་གསུངས་པ་བཞིན་དག་སྣང་འོད་ཀྱིས་ཁྱབ་པ་ཞིག་ཡོང་དགོས་ཀྱིན་ཡོད་རེད། དག་སྣང་དེའང་ཆོས་རྒྱུད་མི་འདྲ་ཁག་གི་ལྟ་སྤྱོད་སྒོམ་གསུམ་སོགས་ལ་རྒྱུས་ལོན་གྱིས་དེ་དག་ལ་བཀུར་བསྟི་དག་སྣང་བཅོས་མིན་ཞིག་ཡོང་ཐབས་གལ་ཆེན་ཡིན་སྐོར་གསུངས་འདུག
དེའི་རྗེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་ཆོས་རྒྱུད་རིས་མེད་ཀྱི་ལྟ་གྲུབ་མཉམ་གནས་རང་རྒྱུད་དུ་འབྱོར་ཐབས་བྱེད་ཕྱོགས་ཐད་ནས་གསུང་དོན། བོད་ལ་དུས་འགྱུར་བྱུང་བ་ནས་བཟུང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་ཆོས་བརྒྱུད་རིས་མེད་ཁག་གི་བླ་ཆེན་མང་པོ་ཞིག་བྱེས་སུ་ཕེབས་དགོས་ཐུག་པ་རེད། ཡིན་ནའང་རྐྱེན་ངན་གྲོགས་འགྱུར་གྱི་ཚུལ་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་ཆོས་ལུགས་གཅིག་མཐོང་གཅིག་བཀུར་གྱི་ཚུལ་གྱིས་ས་གཅིག་གནས་གཅིག་ཏུ་མཉམ་འཛོམས་ཐོག་ཕན་ཚུན་གྱི་ལྟ་གྲུབ་ཁག་ལ་བགྲོ་གླེང་དང་སློབ་སྦྱོང་བྱེད་པའི་གོ་རིམ་ཆགས་པ་འདི་རྐྱེན་ངན་གྲོགས་སུ་སོང་བ་ཞིག་དང་གྲུབ་འབྲས་གལ་ཆེན་ཞིག་ཏུ་བརྩི་ཆོག་པ་ཞིག་ཡིན་པ་དང་། རིས་མེད་ཀྱི་ལྟ་གྲུབ་ཟེར་བ་གསར་དུ་བྱུང་བ་ཞིག་མ་ཡིན་ལ་འདི་སྔར་དུས་རབས་བདུན་པའི་སྐབས་ཀྱི་བོན་གྱི་སྐྱེས་བུ་བླ་ཆེན་པོ་དྲན་པ་ནམ་མཁའ་ནས་བཟུང་ཡོད་འདུག་ལ། ཁོང་གི་ཞལ་ནས་ཉམས་ལེན་ཕྱོགས་གཅིག་ནས་ལེན། དག་སྣང་ཕྱོགས་མེད་དུ་སྦྱོངས་གསུངས་ཡོད་པ་རེད། ཅེས་གསུང་འདིས་དག་སྣང་སྦྱངས་སྟངས་ཐད་ནས་འགྲེལ་བརྗོད་རྒྱས་འགྲེལ་དང་འབྲེལ་གུས་པར་མཚོན་ནའང་ཆོས་རྒྱུད་ཆེན་པོ་བཞི་དང་ཇོ་ནང་དང་བཅས་པའི་གསུང་རབ་དག་ལ་སློབ་གཉེར་བྱེད་བཞིན་ཡོད། མི་ཁ་ཤས་ཤིག་གིས་གསུང་རབ་མང་པོ་མཉམ་བསྲེས་བྱས་ནས་བཞག་ན་རྨི་ལམ་འཁྲུག་གི་རེད་ཅེས་ལབ་མཁན་ཡོད་རེད། ཡིན་ནའང་ང་རང་གི་དཔེ་ཁང་དུ་ས་དགེ་བཀའ་རྙིང་ཇོ་ནང་བཅས་པའི་གསུང་རབ་མང་པོ་ཡོད་རེད་དེ་རྨི་ལམ་འཁྲུག་མ་མྱོང་བཅས། གསུངས་འདུག
དེ་རྗེས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་བསོད་ནམས་ཉི་མ་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་དང་པོ་དང་། དཔལ་ཡུལ་ཆོས་འཁོར་གླིང་གི་སློབ་དཔོན་ཨོ་རྒྱན་ཕུན་ཚོགས་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་གཉིས་པ། དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་སྐྱོར་དཔོན་དཀོན་མཆོག་རྡོ་རྗེ་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་གསུམ་པ། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སློབ་དཔོན་ཀུན་ལེགས་དབང་ཕྱུག་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བཞི་པའི་ལས་ཀྱི་ངོ་བོའི་སྐོར། དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་དཔོན་སྤྲུལ་སྐུ་བསམ་གཏན་མགོན་པོ་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བཞི་པའི་མདོ་ལས་གསུང་བའི་ལས་ཀྱི་རྣམ་གྲངས། སེ་ར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ངག་དབང་དར་རྒྱས་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་ལྔ་པ།རྭ་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བསྟན་འཛིན་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་དྲུག་པ། ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་གླིང་གི་མཁན་པོ་ཀུན་དགའ་འཚམས་ཆུང་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བདུན་པ།རིགས་ལམ་སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་རྒྱལ་མཚན་བློ་བཟང་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བརྒྱད་པ། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་མཚན་ཉིད་རྒན་ལགས་དགེ་བཤེས་སྦྱིན་པ་ཚེ་བརྟན་མཆོག་ནས་བོན་གཞུང་སྲིད་པའི་མཛོད་ཕུགས་ཀྱི་བསྟན་དོན། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྲི་གཙུག་བསྟན་པ་ལགས་ནས་བོན་གཞུང་སྲིད་པའི་མཛོད་ཕུགས་ལས་མཛོད་གནས་༧-༡༠བར་གྱི་བསྡུས་དོན་ངོ་སྤྲོད་བཅས་རང་རང་ལུགས་ཀྱི་ལྟ་གྲུབ་ཞིབ་དཔྱད་ཀྱིས་དཔྱད་རྩོམ་སྒྲོག་སྦྱོང་གནང་ཡོད་འདུག
ཕྱི་ཚེས་ ༧ ཉིན་གྱི་མཇུག་སྡོམ་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གདན་ཞུ་གནང་ཡོད་པ་དང་། ཁོང་གིས་ཆོས་བརྒྱུད་རིས་མེད་ཀྱི་གསུང་བཤད་སློབ་དཔོན་རྣམས་དང་རོགས་རམ་མཐུན་འགྱུར་གནང་མཁན་གྱི་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་སྡེ་ཁག་གི་ལས་བྱེད་རྣམས་ལ་ཆོས་རིག་ལས་ཁུངས་ངོས་ནས་བཀའ་དྲིན་གསོལ་རས་བསྩལ་གནང་ཡོད་པ་དང་། དེའི་རྗེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་དོན། ངོས་ནས་ལོ་ངོ་དུ་མའི་རིང་གཡུང་དྲུང་བོན་གྱི་རིག་གཞུང་ཁག་ལ་ཐོས་བསམ་བྱས་པ་ཡིན་ལ། ཞོར་དུ་ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་བཞིན་ཡོད་ལ། དེ་ཡང་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་ཁག་ལས་ཞོར་བྱུང་ཚུལ་དུ་གཞུང་རེ་ལས་ཁོ་བོར་བག་ཆགས་ཟབ་པའི་བརྗོད་བྱ་དག་ལུང་འདྲེན་གྱིས་ཆོས་བརྒྱུད་རིས་མེད་དུ་ཁ་ཡོད་ལག་ཡོད་ཀྱིས་སློབ་སྦྱོང་ཞིག་བྱེད་ཐུབ་པ་བྱུང་ན། ཆོས་ལུགས་ཀྱི་རུ་ཏྲ་དང་ཕྲག་དོག་རང་བཞིན་གྱིས་ཞི་འགྲོ་བ་ཞིག་དང་། དག་སྣང་རང་བཞིན་གྱིས་སླེབས་ཡོང་བ་ཅིག་ཏན་ཏན་རེད་འདུག དེའང་ཆོས་བརྒྱུད་གང་ལ་ཉམས་ལེན་བྱས་ཀྱང་མཐར་ཐུག་སངས་རྒྱས་དུས་ང་བོན་པོའི་སངས་རྒྱས་ཡིན་ཟེར་བ་དང་། དེ་བཞིན་ང་རྙིང་མའི་སངས་རྒྱས་ཡིན་ཟེར་བ་མེད་པས་ཆོས་བརྒྱུད་གང་ཡིན་ཡང་སངས་རྒྱས་སྒྲུབ་བྱེད་ཀྱི་ཐབས་མ་ལག་ཆ་ཚང་བ་ཞིག་ཡིན་པའི་ངེས་པ་རྙེད་དགོས་པ་གལ་ཆེན་ཡིན་སྐོར་གསུངས་འདུག

མཇུག་ཏུ་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་ཟླ་བ་ཚུལ་ཁྲིམས་མཆོག་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གྲུབ་རྗེས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བྱིངས་འདྲེན་ཆེན་མོ་ནས་བསྔོ་བ་སྨོན་ལམ་གསུང་ནས་རིས་མེད་བགྲོ་གླེང་ཐེངས་བཞི་པ་ཡོངས་སུ་མཇུག་གྲུབ་ཡོད་འདུག

 

གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་ཁང་ནས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༩/༠༦/༠༨

Leave a Reply

One thought on “རིས་མེད་མཁས་པའི་བགྲོ་གླེང་ཐེངས་བཞི་པ་མཇུག་སྒྲིལ།

  1. ༄།དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་རིས་མེད་མཁས་པའི་བགྲོ་གླེང་དགེ་བའི་རྩ་བ་འདི་ལ་བརྟེན་ནས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས།