མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ། 

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༥ པའི་རྟིང་རྩོད་འགྲན་སྡུར་ཁྲོད་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ།ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ནས་བཟུང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་སྤོལ་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༥ པ་ཚོགས་ཡོད་པ་ལྟར། དེ་རིང་རྟིང་རྩོད་འགྲན་སྡུར་ཁྲོད་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་བར་དུས་འགྱངས་འགྲན་སྡུར་བྱས་ཡོད་ཀྱང་སྤོ་ལོ་བླུགས་ཚད་གཅིག་པ་ཆགས་ཡོད་སྟབས། མཐའ་མར་མདུན་བཀག་མེད་པའི་རྡོག་རྡེག་གཞུས་ཏེ། དོན་འགྲུབ་གླིང་རུ་ཁག་གིས་སྤོ་ལོ་གཉིས་དང་། མོན་གྷོ་རུ་ཁག་གིས་སྤོ་ལོ་བཞི་བླུགས་ཏེ་མོན་གྷོ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།

རྒྱལ་ཡུམ་ཆེན་མོའི་གསེར་གྱི་རྐང་སྤོལ་འགྲན་བསྡུར་གྱི་མཐའ་མའི་འགྲན་བསྡུར་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གཉིས་ཕེབས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་རྩེད་འགྲན་པ་ཚོར་ད་ལན་རྒྱལ་ཡུམ་ཆེན་མོ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༥ པ་ཡིན་པ་དེ་རླབས་ཆེན་གྱི་མཛད་རྗེས་ཤིག་རེད། གང་ཡིན་ཟེར་ན། ག་རེ་ཡིན་ན་ཡང་མགོ་འཛུགས་དུས་དཀའ་ལས་ཁག་པོ་ཡོད་རེད། མཇུག་བསྐྱང་རྒྱུ་དེ་དེ་ལས་ཁག་པ་ཡོད་རེད། ད་ལན་ལོ་ ༢༥ འཁོར་བའི་དངུལ་གྱི་དུས་དྲན་འདིར། དེ་སྔ་ནས་ད་བར་བོད་ཀྱི་རྩེད་མོའི་རུ་ཁག་ནང་ཕྱག་ལས་གནང་མཁན་ཚང་མ་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། མུ་མཐུད་ནས་ཕྱག་ལས་ཡག་པོ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། རྐང་རྩེད་སྤོ་ལོའི་རུ་ཁག་ ༢༣ ཙམ་བྱུང་འདུག་ལ། དབྱིན་ཇི་ལུང་པ་དང་། བལ་ཡུལ། བྱང་ཨ་རི་བཅས་ས་ཐག་རིང་པོ་ནས་ཕེབས་མཁན་ཚང་མ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ལས་སླ་པོ་མིན་ཡང་རྣམ་པ་ཚོས་བོད་པ་ཞིག་ཡིན་པའི་ཆ་ནས་འགན་ཞིག་འཁུར་ཏེ། ཆེད་མངགས་དྷ་རམ་ས་ལར་ཕེབས་རྗེས་ཆ་ཤས་བླངས་པ་དེས་བརྡ་ལན་གསལ་པོ་ཞིག་ག་རེ་འཕྲོད་ཀྱི་ཡོད་ཟེར་ན། འཛམ་གླིང་ཡོངས་ལ་བོད་མི་གང་དུ་ཡོད་ན་ཡང་ང་ཚོ་ནང་མི་ནང་བཞིན་གཅིག་ཡིན་པ། རྩ་དོན་གཅིག་ཡིན་པ། དབུ་འཁྲིད་གཅིག་ཡིན་པ། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ང་ཚོ་ཚང་མ་བོད་སྤྱི་པའི་རྩ་དོན་ཆེད་སྐུ་ལས་སྐྱོན་མཁན་གཅིག་ཡིན་པ་དེ་གསལ་པོ་བསྟན་ཐུབ་ཡོད། ཅེས་དང་། ཉེ་བའི་ཆ་ལ་རྩེད་འགྲན་སྐབས་ཆང་རག་གཏུང་བ་དང་རྒྱག་རེས་རྒྱག་པ་ལྟ་བུའི་གནས་ཚུལ་ཉུང་དུ་འགྲོ་བཞིན་པ་དེ་ཧ་ཅང་ཡག་པོ་རེད། དེ་བཞིན་ད་ལན་འགྲན་བསྡུར་ནང་མ་ཚུད་པའི་རུ་ཁག་ཚང་མས་སེམས་ཤུགས་མ་ཆགས་པར་རྗེས་མའི་ལོར་ཆ་ཤས་བླངས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ཐེངས་འདིའི་རྩེད་འགྲན་ཁྲོད་ཨང་དང་པོ་ལ་ཧིན་སྒོར་ ༡༢༠༠༠༠ དང་གསེར་གྱི་བུམ་པ། དེ་བཞིན་ཨང་གཉིས་པར་ཧིན་སྒོར་ ༡༠༠༠༠༠། ཨང་གསུམ་པ་དང་བཞི་པ་ལ་སྒོར་ ༢༥༠༠༠ རེ་དང་། དེ་བཞིན་རྩེད་འགྲན་རུ་ཁག་ཡག་པོ་གཞན་བཞི་ལ་སྒོར་ཁྲི་གཅིག་རེ་ཡི་བྱ་དགའ་གནང་། དེ་བཞིན་རྐང་སྤོལ་རྩེད་མོ་བ་རྩེ་ཕུད་བསྟན་འཛིན་སྨོན་ལམ་དང་། སྤོལ་བླུག་མཁན་མང་ཤོས་བསྟན་པ་ལྷུན་འགྲུབ། ལོ་ཆུང་ཤོས་རྩེད་མོ་བ་ཡག་ཤོས་ཚེ་རིང་བསྟན་འཛིན་སྟོབས་རྒྱལ། སྒོ་ར་ཡག་ཤོས་བསྟན་འཛིན་བསམ་འགྲུབ་བཅས་ལ་ཧིན་སྒོར་ ༥༠༠༠ རེ་ཡི་བྱ་དགའ་གནང་སོང་།

འདི་ལོའི་རྩེད་འགྲན་ཁྲོད་རྒྱ་གར་དང་བལ་ཡུལ། བྱང་ཨ་རི་དང་དབྱིན་ཡུལ་བཅས་ནས་ཁྱོན་བོད་མིའི་རྐང་སྤོལ་རྩེད་འགྲན་རུ་ཁག་ ༢༣ མཉམ་ཞུགས་གནང་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་ཕྱི་ལོ་ ༢༠༠༢ ལོ་ནས་དབུ་འཛུགས་བྱས་ཏེ་ལོ་ངོ་ཧྲིལ་བོ་ ༡༨ འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་བལ་གཉིས་གཙོ་བོར་གྱུར་བའི་ཨ་རི་དང་ཡོ་རོབ། དབྱིན་ཡུལ་བཅས་སུ་ཡན་ལག་ཚོགས་མི་བཙུགས་ཡོད་པ་རེད།  

བསྐྱར་བཅོས།: ༢༠༡༩/༠༦/༡༡

Leave a Reply

2 thoughts on “མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ། 

  1. གཞུང་པ་ཚེ་དབང་བསོད་ནམས་

    ཐོབ་ཤོར་རྩེད་མོའི་འཇུག་འབྲས་རེད།
    བཟང་སྤྱོད་རྩེད་མོའི་ཡོན་ཏན་རེད།
    རྒྱལ་ཡུམ་དྲན་རྟེན་གསེར་གྱི་བྱ་དགའ་དེ།
    སླར་ཡང་འདོད་རྒུ་གླིང་གི་རུ་ཁག་ཁྱེར།

  2. ༄།མོན་གྷོ་རྐང་སྤོལ་རུ་ཁག་གི་བཟང་སྤྱོད་དང་ལྡན་པའི་ཐོག་ནས་རྩེད་འགྲན་རྒྱལ་ཁ་ཐོབ་པ་མཚམས་འདྲི་ཞུ།ངོ་མ་རྒྱལ་ཡུམ་ཆེན་མོ་རྗེས་དྲན་མིང་དོན་མཚུངས་ཞིག་བྱས་སོང་བས་རྩེད་མོ་བ་གཞོན་སྐྱེས་ཁྱོད་རྣམ་པར་་་ཚེ་རིང་་་ལོ་བརྒྱ་་་བྱ་བ་ལམ་འགྲོ་ཡོང་བ་ཤོག