ཐ་ན་ལྷོ་ཀོ་རི་ཡའི་གློག་བརྙན་ལྟ་མཁན་ལ་སྲོག་ཁྲིམས་རེད་འདུག

ལྷོ་ཀོ་རི་ཡའི་ལས་འགུལ་ཚོགས་པ་ཞིག་གིས་བྱང་ཀོ་རི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་སྲོག་ཁྲིམས་གཅོད་ཡུལ་ས་གནས་མི་འདྲ་བ་ ༣༡༨ ཤེས་རྟོགས་ཐུབ་ཡོད་ཟེར།
དེ་རིང་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཡོལ་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་འཕོ་འགྱུར་དྲང་བདེན་ལས་འགུལ་ཚོགས་པ་ (The Transitional Justice Working Group) ཟེར་བ་ཞིག་གིས་འདས་པའི་ལོ་བཞི་རིང་བྱང་ཀོ་རི་ཡ་ནས་བྲོས་བྱོལ་དུ་ཡོང་བའི་བྱང་ཀོ་རི་ཡའི་མི་སེར་ ༦༡༠ ལ་བཅར་འདྲི་དང་འཁོར་སྐར་པར་རིས་འཚོལ་བཤེར་བྱས་པ་བརྒྱུད་གཤིན་པོའི་ལས་དབང་འཚོལ་བ་ (Mapping the Fate of the Dead) ཞེས་པའི་བྱང་ཀོ་རི་ཡའི་གཞུང་གི་སྲོག་ཁྲིམས་གཅོད་ཚུལ་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། བྱང་ཀོ་རི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བའི་སྲོག་ཁྲིམས་གཅོད་ཡུལ་ས་གནས་མི་འདྲ་བ་ ༣༡༨ ཤེས་རྟོགས་ཐུབ་ཡོད་སྐོར་བརྗོད་འདུག

སྙན་ཐོ་དེའི་ནང་ནང་། ད་ལན་ཤེས་རྟོགས་བྱུང་བའི་སྲོག་ཁྲིམས་གཅོད་ཡུལ་གྱི་ས་ཁུལ་དེ་དག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་འབྲེལ་བ་ཡོད་པ་མ་ཟད། ས་ཁུལ་དེ་དག་གཞུང་གིས་སྲོག་ཁྲིམས་གཅོད་ཡུལ་དངོས་དང་། གཤིན་པོ་དུར་སྦས་བྱེད་སའི་ས་ཁུལ། དེ་བཞིན་དེ་དང་འབྲེལ་བའི་བདེན་དཔང་ཡིག་ཆ་ཁག་ཉར་ཚགས་བྱེད་སའི་ས་ཁུལ་བཅས་རིམ་པ་གསུམ་དུ་ཆ་བགོས་བྱས་ཡོད་པ་དང་། བྱང་ཀོ་རི་ཡ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་སྐྱོན་བརྗོད་ལ་མ་འཛེམས་པར་མུ་མཐུད་སྲོག་ཁྲིམས་བཙན་པོ་གཅོད་ཀྱི་ཡོད་པ་མ་ཟད། སྲོག་ཁྲིམས་གཅོད་ཡུལ་ནང་བ་ཕྱུགས་བརྐུ་འཁྱེར་ནས་མི་གསོད་དོན་རྐྱེན་དང་། བུད་མེད་ཉོ་ཚོང་། བཅའ་དངོས་བརྐུ་འཁྱེར། དེ་བཞིན་ཚོང་འབྲེལ་ནག་ཉེས་གསོག་མཁན་དང་། ཐ་ན་ལྷོ་ཀོ་རི་ཡའི་གློག་བརྙན་ལྟ་མཁན་ཡང་ཚུད་ཀྱི་ཡོད་སྐོར་བཀོད་འདུག

ཡང་སྙན་ཐོ་དེའི་ནང་བྱང་ཀོ་རི་ཡ་གཞུང་གིས་སྲོག་ཁྲིམས་གཅོད་ས་ཕལ་ཆེ་བ་ཆུ་མོའི་འགྲམ་དང་། ས་སྟོང་། ཐང་ག ཁྲོམ་ལམ། སློབ་གྲྭའི་རྩེད་ཐང་སོགས་མི་མང་འདུ་འཛོམས་ཀྱི་ས་ཁུལ་ཁག་ཡིན་པ་དང་། སྲོག་ཁྲིམས་གཅོད་སྐབས་ནག་ཉེས་གསོག་མཁན་གྱི་ནང་མི་སྤུན་མཆེད་དང་། ཐ་ན་རང་གི་བུ་ཕྲུག་རྣམས་ལ་བཙན་གྱིས་ལྟ་རུ་འཇུག་གི་ཡོད་པ་མ་ཟད། སྲོག་ཁྲིམས་བཅད་ཚར་རྗེས་ཕུང་པོ་ནང་མིར་རྩིས་སྤྲོད་བྱེད་ཀྱི་མེད་པ་དང་། སྐབས་འགར་མི་བཅུ་རེ་སྡེབ་གསོད་གཏོང་གི་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་སྐོར་དང་། གཞན་ཡང་སྲོག་ཁྲིམས་གཅོད་སྐབས་འདུ་འཛོམས་བྱས་པའི་མི་མང་རྣམས་ལ་སྲོག་ཁྲིམས་ཕོག་སའི་ཉེས་ཅན་དེའི་ནག་ཉེས་ཕྱིར་བསྒྲགས་ཀྱིས་གཞན་ཚོས་དེ་ལྟར་བྱེད་མི་ཉན་པའི་འཇིགས་སྐུལ་ཡང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ལོ་རེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྙན་ཐོའི་ནང་། བྱང་ཀོ་རི་ཡ་ནི་འཛམ་གླིང་གི་མི་མང་ལ་དམ་དྲག་ཆེས་ཆེ་ཤོས་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་གྲས་སུ་ཚུད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡའི་ནང་གཞུང་གི་དཔོན་རིགས་ནས་བཟུང་སྲོག་ཁྲིམས་ཚད་ལས་བརྒལ་བ་གཅོད་ཀྱི་ཡོད་པ་དང་། སྔར་ལོ་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ཐབས་བྱུས་ལྷན་ཁང་གིས་བརྗོད་ན། ཀེམ་ཇོང་ཨན་གྱིས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་བྱང་ཀོ་རི་ཡའི་ཆེས་མཐོའི་དམག་དཔོན་དང་གཞུང་གི་ལས་བྱེད་ ༡༤༠ ལྷག་ལ་སྲོག་ཁྲིམས་བཅད་ཡོད་པ་དང་། མི་སྣ་ ༢༠༠ ཙམ་གནས་དབྱུང་དང་བཙོན་འཇུག་བྱས་ཡོད་པ་ད་ང། གཞན་བྱང་ཀོ་རི་ཡའི་ནང་སྐྱེ་བོ་ཕོ་མོ་སུ་འདྲ་ཞིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་ཚེ། ཁྲིམས་ཆད་འཕོག་ཡུལ་ཁྲིམས་འགལ་བ་ཁོ་ན་མ་ཡིན་པར་ནང་མི་ཚང་མར་ཁྲིམས་ཆད་གཅིག་མཚུངས་འཕོག་གི་ཡོད་པ་དང་། ཁྲིམས་ཆད་ཁྲོད་སྲོག་ཐོག་གཏོང་བ་དང་ཚེ་བཙོན་བྱེད་པ། ཉེས་རྡུང་གཏོང་བ་སོགས་ཁྲིམས་སྲོལ་སྣ་ཚོགས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དང་། དེ་དག་གི་ཁྲོད་ནང་མི་ཚང་མར་ཁྲིམས་ཆད་གཅོད་པ་ནི་ཁྲིམས་འགལ་བ་བཙོན་ཁང་ནས་བྲོས་བྱོལ་དུ་མི་འགྲོ་བའི་ཐབས་ཤེས་ཡིན་འདུག

ཐེངས་འདིར་ལྷོ་ཀོ་རི་ཡས་བཏོན་པའི་སྙན་ཐོའི་གྲུབ་དོན་ནང་། བྱང་ཀོ་རི་ཡ་གཞུང་གིས་སྲོག་ཁྲིམས་ནན་པོ་གཅོད་དགོས་དོན་དེ། གཙོ་བོ་མི་མང་ཁྲོད་ནས་གཞུང་གི་ལངས་ཕྱོགས་དང་འགལ་བའི་བྱ་འགུལ་རིགས་སྤེལ་བར་འཇིགས་སྣང་བསྐྱེད་ཆེད་ཡིན་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་ལ་རྟོག་ཞིབ་ཀྱི་སྙན་ཐོ་བཏོན་ནས་ལོ་ ༥ འཁོར་བཞིན་ཡོད་ཀྱང་། ད་དུང་ཁུལ་དེའི་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་འགྲོ་བཞིན་པའི་གནས་བབ་ལ་ཡ་ལན་གསལ་པོ་ཞིག་སྤྲད་ཐུབ་མེད་པ་དང་། ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར་ཨ་རི་དང་ལྷོ་བྱ་ཀོ་རི་ཡའི་བར་ལ་ཆེས་མཐོའི་གྲོས་མོལ་ཚོགས་ཡོད་ཀྱང་། བྱང་ཀོ་རི་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་མ་བྱས་པ་དེར་སྐྱོན་བརྗོད་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༦/༡༡

Leave a Reply