རྒྱལ་མཚན་ནོར་བུ་ལགས་ཕྱི་རྒྱལ་དུ་བཏང་།  

རྒྱ་ནག་གཞུང་གིས་༧པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་ཐེ་ལན་ཌིའི་ནང་ཕེབས་ཏེ་ཆོས་ཕྱོགས་ཀྱི་གསུང་བཤད་སོགས་གནང་ཡོད་པ་རེད་ཟེར།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་སྔོན་མའི་ཟླ་དཀྱིལ་ཙམ་ལ་རྒྱལ་མཚན་ནོར་བུ་ལགས་ཐེ་ལན་ཌིའི་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་། ཁོང་གིས་ཡུལ་དེའི་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོ་བོར་གྱུར་བའི་ནང་པའི་བྱེད་སྒོ་ཁག་སོགས་ཀྱི་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་སོགས་གནང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་སྐོར་སྐྱོད་གྲུབ་རྗེས་རྒྱལ་མཚན་ནོར་བུ་ལགས་ཀྱིས། རླབས་ཆེ་བའི་མེས་རྒྱལ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་འཁྲིད་འོག རྒྱ་ནག་མི་མང་གཉིད་ལས་བསླངས་ཏེ འབྱོར་ལྡན་དང་སྟོབས་ཤུགས་ཅན་དུ་བསྒྱུར་བར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༡༢ ལོར་རྒྱལ་མཚན་ནོར་བུ་ལགས་ཧོང་ཀོང་ནང་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་། ད་རེས་ནི་ཁོང་ཕྱིའི་རྒྱལ་ཁབ་ཅིག་ཏུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག་ལ། གཞུང་འབྲེལ་སྐོར་སྐྱོད་དེ་གྲུབ་ནས་ཟླ་གཅིག་མ་ཟིན་ཙམ་གྱི་རྗེས་སུ་གཞི་ནས་རྒྱ་ནག་གཞུང་གིས་སྐོར་སྐྱོད་དེའི་སྐོར་ཕྱིར་བསྒྲགས་བྱས་ཡོད་པ་ནི། ༧པཎ་ཆེན་ཡང་སྲིད་ངོས་འཛིན་ཐད་ཀྱི་གནད་དོན་སྐོར་གླེང་སློང་བྱེད་པར་གཡོལ་ཆེད་དང་། རྒྱལ་མཚན་ནོར་བུ་ལགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་ཐོབ་ཚད་ལ་གདེང་ཚོད་མེད་པ་སོགས་སྟོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུགརྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་འཛིན་མཛད་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་འཁོར་བཅས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་  ༢༤ འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་༧པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་སོགས་སུ་བསྐོས་ཏེ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སྒོ་མཁོ་མང་པོ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད་པ་ལྟར། ཁོང་གིས་ནང་བསྟན་པའི་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་དགོས་པ་སོགས་ཀྱི་གསུང་བཤད་རིམ་པར་གནང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༡༢

Leave a Reply

3 thoughts on “རྒྱལ་མཚན་ནོར་བུ་ལགས་ཕྱི་རྒྱལ་དུ་བཏང་།  

  1. བློ་བཟང་བཟོད་པ།

    ཟླ་སྔོན་མའི་ཟླ་དཀྱིལ་ཙམ་ལ་རྒྱལ་མཚན་ནོར་བུ་ལགས་ཐེ་ལན་ཌིའི་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་། ཁོང་གིས་ཡུལ་དེའི་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོ་བོར་གྱུར་བའི་ནང་པའི་བྱེད་སྒོ་ཁག་སོགས་ཀྱི་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་བྱས་ཡོད་ན། ངེད་ཚོའི་བཙན་བྱོལ་བའི་ཆོས་ལུགས་ཁག་གི་བླ་མ་དང། སྤྲུལ་སྐུ། མཁན་པོ་དང། དགེ་བཤེས། སྔགས་འཆང་ལ་སོགས་པའི་ཆོས་ཚོགས་དང། ཞབས་བརྟན་ཁང་བཅས་ནང་གྲྭ་བཙུན་མང་དག་ཞིག་དེ་ཁུལ་དུ་ཡོད་སྐད་འདུག་ན་ཁོང་རྣམས་པས་རྒྱ་གཞུང་གི་རྒྱལ་མཚན་ནོར་བུ་ཆབ་སྲིད་དགོས་མཁོར་བེད་སྤྱོད་གཏང་བ་དེ་ཤེས་རྟོགས་མ་བྱུང་ཡིན་ནམ། ཡང་ན་བོད་ནང་རྒྱ་ནག་གཞུང་གི་ནང་ཆོས་གཙོ་འགྱུར་གྱིས་བོད་མིའི་ཤེས་རིགས་གང་སྤྱིར་དོ་དམ་ཤུགས་ཆེ་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ་རང་ཉིད་ཀྱི་ཆོས་ཚོགས་དང། སྦྱིན་བདག སློབ་མ། ཞབས་བརྟན་བྱེད་ཡུལ་སོགས་ལ་དོ་ཕོག་ཡོང་གི་རེད་བསམ་པ་ཡིན་ནམ། ཡང་ན་རྒྱ་གཞུང་གི་གནོན་ཤུགས་འོག་ཐེ་ལན་ཌིའི་ཡུལ་ནས་ཕྱིར་འབུད་བྱེད་ཀྱི་རེད་བསམ་པ་མེད་དམ། གང་ལྟར་ད་ཐེངས་རྒྱ་གཞུང་གི་པན་ཆེན་རིན་པོ་ཆེ་མཚན་དེ་བེད་སྤྱོད་ཀྱི་ཕྱི་རྒྱལ་དུ་བོད་ནང་ཆོས་དད་རང་མོས་ཡོད་ཁུལ་རྣམ་པ་དེར། དེ་ཁུལ་དུ་ཡོད་པའི་རང་ཉིད་བཙན་བྱོལ་བའི་ཆོས་བྱེད་མི་སྣ་ཞིག་ཡིན་པའི་རྣམ་པ་ཞིག་གསལ་སྟོན་མི་ཐུབ་པ་ནི་བློ་ཕམ་གྱི་རང་བཞིན་མ་ཡིན་ནམ་སྙམ།།

  2. ༄།རྒྱལ་མཚན་ནོར་བུའི་མེས་རྒྱལ་དང་དམར་ཤོག་ཚོགས་པའི་སྣེ་ཁྲིད་འོག་རྒྱ་ནག་མི་མང་གཉིད་ལས་བསླངས་ཏེ་འབྱོར་ལྡན་དང་སྟོབསཤུགས་ཅན་དུ་བསྒྱུར་བ་ཟེར་།རྒྱལ་མཚན་ནོར་བུའི་རྒྱ་ནག་མི་མང་འབྱོར་ལྡན་བསྒྱུར་བ་ནུས་པ་ཅི་ཡོད་གསར་འགྱུར་ཁུངས་ལུང་མེད་མཁན།ཁོང་ཕྱི་ལོག་གཏོང་བ་ནི་དམར་གཞུང་གི་མ་འོང་ལག་ཆ་ཇི་ལྟར་བེད་སྤྱོད་དགོས་མིན་ཚད་ལྟ་ཞིག་ལས་གཞན་གང་ཡང་མིན་ནོ་།

  3. གཞུང་པ་ཚེ་དབང་བསོད་ནམས་

    ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་རྒྱུར།
    སྤྱི་ཚོགས་རིང་ལུགས་གྲལ་རིམ་དམངས་གཙོར་རྒྱུར།
    དམངས་གཙོ་རིང་ལུགས་གུང་ཁྲན་གྲལ་རིམ་འོག།
    ཞི་བདེ་ལྷིངས་འཇག་དམར་པོའི་འོག་ཏུ་དཀའ་།