ལྕམ་ཚའེ་ཡེན་ཝིན་མཆོག་བསྐྱར་དུ་སྲིད་འཛིན་འོས་མིར་བདམས།

ཐའེ་ཝན་གྱི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་ཡེན་ཝིན་ (Tsai ing-wen)མཆོག་ཕྱི་ལོ་ ༢༠༢༠ ལོའི་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་དམངས་གཙོ་ཡར་སྐུལ་ཚོགས་པའི་སྲིད་འཛིན་འོས་མིར་ཐོབ་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན། དམངས་གཙོ་ཡར་སྐུལ་ཚོགས་པའི་མ་འོངས་སྲིད་འཛིན་འོས་མིའི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་པ་ལྟར། དམངས་གཙོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཁྲོ་ཅུང་ཐའེ་ (Cho Jung-tai) ལགས་ཀྱིས། ཆབ་སྲིད་ཚོགས་པའི་ཐོག་མའི་འོས་འགྲན་གྱི་ནང་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ (Tsai ing-wen) མཆོག་ནས་སྲིད་བློན་ཟུར་པ་ཝེ་ལིམ་ལེ་ (William Lai) ཕམ་ཉེས་བཏང་ཡོད་པ་རེད་ལ། ང་ཚོའི་འོས་མི་ནུས་པ་ཆེ་ཤོས་དེ་བྱུང་ཡོད། ཅེས་བརྗོད་འདུག

སྲིད་འཛིན་འོས་མིའི་བགྲོ་གླེང་ཐོག་ལྕམ་ཚའེ་ཡེན་ཝིན་མཆོག་གིས་འདས་པའི་ལོ་ ༣ ཙམ་རིང་ཁང་པའི་རྩིག་རྨང་བཏིངས་པས། ཁང་པ་ཆ་ཚང་ཞིག་བསྐྲུན་པར་ད་དུང་ལོ་ ༤ དགོས་སྐོར་བརྗོད་ཡོད་པ་མ་ཟད། གལ་སྲིད་བསྐྱར་དུ་རྒྱལ་ཁ་ཐོབ་ཚེ། རྒྱལ་ཡོངས་ཀྱི་ཁྲལ་ཐོག་ཤུགས་སྣོན་དང་། ཐའེ་ཝན་གྱི་རྒྱལ་སྲུང་ཚན་པ་མུ་མཐུད་ཡར་རྒྱས་གཏོང་རྒྱུ། དེ་བཞིན་ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་རྒྱ་ནག་གི་ཁྲོམ་རར་ཤུགས་ཆེན་བརྟེན་པའི་ཐའེ་ཝན་གྱི་ཚོང་པར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་ཐེབས་རྒྱུར་འབད་བརྩོན་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག

སྐབས་དེར་དམངས་གཙོ་ཡར་སྐུལ་ཚོགས་པའི་སྲིད་འཛིན་འོས་མི་སྲིད་བློན་ཟུར་པ་ཝེ་ལིམ་ལེ་ལགས་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས། དེ་བཞིན་རྒྱ་ནག་དང་མཉམ་དུ་ཞི་བའི་ཆིངས་ཡིག་འཇོག་པར་ཁོང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཁོང་ནི་དོན་དམ་གྱི་ཐའེ་ཝན་རང་བཙན་འཐབ་རྩོད་པ་ཞིག་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༨ ལོར་ཐའེ་ཝན་གྱི་བར་མའི་འོས་བསྡུའི་སྐབས། དམངས་གཙོ་ཡར་སྐུལ་ཚོགས་པས་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཐའེ་ཁྲུང་ (Taichung) ནང་ཙམ་མ་ཟད། ལོ་མང་རིང་འོས་ཐོབ་བྱུང་བའི་ཀའོ་སུང་གྲོང་ཁྱེར་ (Kaohsiung) གྲོང་ཁྱེར་གྱི་ནང་ནས་འོས་ཤོར་ཡོད་པས། ཆབ་སྲིད་ཚོགས་པ་དེས་འཛིན་སྐྱོང་ལ་སྐྱོན་བརྗོད་དང་ཟུར་ཟ་དྲག་པོ་བྱུང་སྟེ། ལྕམ་ཚའེ་ཡེན་ཝིན་མཆོག་གིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཚོགས་གཙོའི་ལས་གནས་དང་། སྲིད་འཛིན་ཟུར་པ་ཝེ་ལིམ་ལེ་ (William Lai) ལགས་ཀྱིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད།

དམངས་གཙོ་ཡར་སྐུལ་ཚོགས་པའི་ཁ་གཏད་ཆེ་ཤོས་གོ་མིན་ཏང་ཚོགས་པས་སྲིད་འཛིན་འོས་མི་ཟླ་རྗེས་མར་འདེམས་རྒྱུ་ཡིན་འདུག་པ་དང་། ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མིའི་ནང་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཟུར་པ་ཨེ་རིག་ཁྲུ་ (Eric Chu) ལགས་དང་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ (Wang Jin-pyng) ལགས། འདས་ལོའི་བར་མའི་འོས་བསྡུའི་ཁྲོད་ཀའོ་སུང་གྲོང་ཁྱེར་ (Kaohsiung) ནང་རྒྱལ་ཁ་ཆེན་པོ་ཐོབ་མཁན་ཧན་ཁུའོ་ཡུ་ (Han Kuo-yu) ལགས་བཅས་འོས་མིའི་ནང་ཞུགས་རྒྱུ་ཡིན་པ་བསྒྲགས་འདུག

གཞན་ཡང་། འདིའི་ལོའི་ཕྱི་ཟླ་ ༤ ནང་ཐའེ་ཝན་གྱི་ཕྱུག་བདག་ཨང་དང་པོ་ཊེ་རུ་ཀོའུ་ (Terry Gou) ལགས་ནས་ཁོང་གིས་འཕྲུལ་ལས་ཁང་ (Foxconn) གི་འགན་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་རྗེས། ལྷ་མོ་ཞིག་གི་ལུངས་བསྟན་ལྟར་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མིའི་ནང་ཞུགས་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་། ཁོས་རྒྱ་ནག་ནང་མི་གྲངས་ས་ཡ་ ༡།༢ ཙམ་ལ་ལས་ཀ་སྤྲོད་ཀྱི་ཡོད་པ་དང་། རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་པ་སོགས་ལ་བརྟེན་ནས། གལ་སྲིད་ཁོང་ཐའེ་ཝན་གྱི་སྲིད་འཛིན་ལ་འོས་ཐོབ་བྱུང་ཚེ་རྒྱ་ནག་གཞུང་དང་འབྲེལ་བ་ཤུགས་ཆེར་འཛིན་རྒྱུ་ཡིན་པའི་བསམ་ཚུལ་འཛིན་མཁན་མང་པོ་ཡོང་གི་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝིན་མཅོག་ཐའེ་ཝན་གྱི་སྲིད་འཛིན་ལ་འོས་ཐོབ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་ལ་མཁྲེགས་པོའི་སྲིད་བྱུས་བཟུང་སྟེ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་མ་ཟད། ཨ་རི་སོགས་ནས་རྒྱལ་སྲུང་ཆེད་གོ་མཚོན་འབོར་ཆེན་ཉོ་ཐབས་དང་རྒྱལ་སྲུང་དམག་དཔུང་ཤུགས་སྣོན་བྱས་ཏེ། ཐའེ་ཝན་དང་རྒྱ་ནག་བར་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་ཡོད་པ་དང་། འདི་ལོའི་ལོ་མགོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕིན་གྱིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཐའེ་ཝན་མེས་རྒྱལ་ནང་ཕྱིར་ལོག་དགོས་པ་ལས་ཐའེ་ཝན་རང་བཙན་ལ་ངོས་ལེན་བྱེད་ཐབས་མེད་ལ། མེས་རྒྱལ་གོང་བུ་གཅིག་ཏུ་བསྒྲིལ་བར་དགོས་ངེས་བྱུང་ཚེ་དྲགས་ཤུགས་སྤྱོད་རྒྱུ་ཡིན་ལུགས་བསྒྲགས་རྗེས། ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྣེ་འཁྲིད་པའི་ད་ལྟའི་གཞུང་གིས་གོམ་གང་ཕྱི་ནུར་གནང་རྒྱུ་མིན་པའི་རྒོལ་གཏམ་དྲག་པོ་བཏང་སྟེ་ཁ་གཏད་གཅོག་བཞིན་ཡོད་པ་དང་། སྔར་དང་མི་འདྲ་བར་ཐའེ་ཝན་མི་མང་ཁྲོད་དུའང་རྒྱ་ནག་གི་སྲིད་བྱུས་ལ་མོས་མཐུན་མེད་པའི་རྣམ་འགྱུར་སྟོན་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད།  རྒྱ་ནག་གི་བྱེད་སྤྱོད་ལ་བརྟེན་ནས་ལྕམ་ཚའེ་ཡེན་ཝིན་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན། ཐའེ་ཝན་རྒྱལ་ཡོངས་ཚོགས་པ་དང་ཐའེ་ཝན་འདྲི་གཅོད་རོགས་འདེགས་ལྷན་ཚོགས། དེ་བཞིན་ཁྲིམས་རྩོད་པའི་ངོ་ཚབ་སོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྔོན་མའི་ཐའེ་ཝན་གྱི་སྲིད་འཛིན་ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་ལྕམ་ཚའེ་ཡེན་ཝིན་མཆོག་ནས་གང་མྱུར་༧གོང་ས་མཆོག་གདན་འདྲེན་ཞུས་དགོས་པ་དང་། ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མི་རྣམས་ལ་༧གོང་ས་མཆོག་ཐའེ་ཝན་ལ་གདན་འདྲེན་ཐུབ་མིན་གྱི་ལངས་ཕྱོགས་ཅི་ཡོད་ཁ་གསལ་བཟོ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༣

Leave a Reply