ཨ་རིའི་བཟོ་གྲྭ་ ༦༠༠ ལྷག་གིས་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཞུ་ཡིག་ཕུལ།

ཨ་རིའི་ཚོང་གཉེར་བ་མང་པོས་རྒྱལ་ཁྲལ་སྤར་བ་དེས་ཨ་རིའི་དཔལ་འབྱོར་ལ་དོ་ཕོག་གཏོང་གི་ཡོད་པས་སྲིད་འཛིན་ཊོམ་ཕུ་མཆོག་ནས་གྲོས་མོལ་བསྐྱར་མཐུད་ཀྱིས་འགྲིག་མཐུན་ཡོང་ཐབས་གནང་དགོས་པའི་རེ་སྐུལ་ཞུས་འདུགཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་ཉོ་ཚོང་ཁང་དང་བཟོ་གྲྭ་ ༦༠༠ ལྷག་གིས། མཉམ་འབྲེལ་གྱི་ཐོག་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཨ་རྒྱའི་ཚོང་དམག་སྐོར་གྱི་ཡོངས་ཁྱབ་ཞུ་ཡིག་ཅིག་ཕུལ་བའི་ནང་། ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་མུ་མཐུད་རྒྱལ་ཁྲལ་སྤར་ཚེ། དེས་ཨ་རིའི་དཔལ་འབྱོར་ལ་དོ་ཕོག་ཤུགས་ཆེན་ཐེབས་ཏེ་ཨ་རིའི་འཛད་སྤྱོད་པ་དང་ཁྱིམ་ཚང་། དེ་བཞིན་དཔལ་འབྱོར་དར་འཕེལ་བཅས་ལ་ཤུགས་རྐྱེན་ངན་པ་སྤྲོད་སྲིད་པའི་ཉེན་བརྡ་བཏང་བ་དང་།  སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རྒྱའི་དབར་ལ་ཚོང་འབྲེལ་འདྲ་མཉམ་ཡོང་ཆེད་ཐབས་ལམ་གཞན་པ་སྤྱོད་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་བསྟུན། རྒྱལ་ཁྲལ་སྤར་རྒྱུ་དེ་རྒྱ་ནག་གི་ལུགས་མཐུན་མ་ཡིན་པའི་ཚོང་དོན་བྱ་འགུལ་བསྒྱུར་བཅོས་གཏོང་བའི་ཐབས་ལམ་བཟང་པོ་ཞིག་མིན། རྒྱལ་ཁྲལ་དེ་ཨ་རིའི་བཟོ་གྲྭ་ཁག་གིས་ཐད་ཀར་སྤྲད་པའི་ཁྲལ་ཡིན་པ་ལས་རྒྱ་ནག་གི་མིན། ཞེས་བརྗོད་འདུག

ཡང་ཡོངས་ཁྱབ་ཞུ་འཕྲིན་དེའི་ནང་དུ། ང་ཚོས་སྲིད་འཛིན་མཆོག་ནས་ཨ་རིའི་ཚོང་དོན་དེ་འདྲ་མཉམ་ཐོག་བསྐྱོད་ཐུབ་རྒྱུར་འབད་བརྩོན་གནང་བཞིན་པ་དེར་རྒྱབ་སྐྱོར་ཡོད་སྟབས།  ང་ཚོས་ཁྱེད་ཀྱི་འཛིན་སྐྱོང་ངོས་ནས་མནའ་འབྲེལ་རྒྱལ་ཁབ་ལྷན་དུ་བགྲོ་བསྡུར་གྱིས་རྒྱལ་སྤྱིའི་ཡོངས་ཁྱབ་རང་བཞིན་གྱི་ཐབས་ལམ་ཞིག་འཚོལ་བཞིན་ཚོང་དམག་གྲོས་མོལ་ནང་བསྐྱར་དུ་ཞུགས་རྒྱུའི་རེ་སྐུལ་ཞུ་ཡི་ཡོད་ལ། ཁྱེད་ཀྱིས་ད་ལྟའི་རྒྱལ་ཁྲལ་འཕར་མ་དག་གཅོག་ཐུབ་པའི་གྲོས་མཐུན་ཞིག་བཞག་སྟེ། ཨ་རིའི་དཔལ་འབྱོར་འགྲན་རྩོད་སྐྱེད་སྲིང་དང་། ང་ཚོའི་དཔལ་འབྱོར་གོང་འཕེལ་གཏང་སྟེ་ལས་མི་དང་འཛད་སྤྱོད་པ་རྣམས་སྲུང་སྐྱོབ་གནང་རྒྱུའི་རེ་བ་འདོན་གྱི་ཡོད། ཅེས་བཀོད་ཡོད་འདུག

ཐེངས་འདིའི་ཡོངས་ཁྱབ་ཞུ་ཡིག་དེ་ཟླ་འདིའི་ཕྱི་ཚེས་ ༢༨ དང་ ༢༩ བར་ཉི་ཧོང་དུ་འཚོག་གཏན་ཁེལ་བའི་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་(G20 Summit)ཐོག་སྲིད་འཛིན་ཊོམ་ཕུ་མཆོག་དང་ཞི་ཅིན་ཕིང་གཉིས་ཀྱིས་ཐུག་འཕྲད་གནང་སྲིད་པ་དང་བསྟུན། ཨ་རིའི་ཚོང་འབྲེལ་སྡེ་ཁག་ ༡༥༠ ལྷག་གི་རྒྱབ་སྐྱོར་ཡོད་པའི་རྒྱལ་ཁྲལ་གྱིས་རྒྱལ་ཁབ་ཀྱི་ལྟེ་གནས་ལ་དོ་ཕོག་གཏོང་གི་ཡོད་ (Tariffs hurts the Heartland) ཅེས་པའི་ཨ་རྒྱའི་ཚོང་དམག་རྒྱལ་ཁྲལ་སྤར་ཕྱོགས་ཐད་ངོ་རྒོལ་བྱེད་བཞིན་པའི་རྒྱལ་ཡོངས་རང་བཞིན་གྱི་ལས་འགུལ་ཚོགས་པས་སྣེ་འཁྲིད་པ་ཞིག་ཡིན་པ་དང་། ཞུ་ཡིག་ཐོག་འཛམ་གླིང་ནང་གྲགས་ཆེ་བའི་ཨ་རིའི་ཝལ་མ་ཊི་(Walmart) དང་། ཁོ་སི་ཁོ(Costco)། དེ་བཞིན་ཊར་གྷེ་ཏི (Target)། གྷེབ་(Gap) སོགས་ཀྱིས་རྒྱབ་སྐྱོར་མིང་རྟགས་བཀོད་ཡོད་འདུག

འདས་ལོ་ནས་བཟུང་ཨ་རྒྱའི་ཚོང་དོན་སྐུ་ཚབ་བར་ཆེས་མཐོའི་ཚོང་དོན་གྲོས་མོལ་ཐེངས་ ༡༡ གནང་ཡོད་ཀྱང་གྲོས་མཐུན་བཞག་མ་ཐུབ་པའི་རྐྱེན་གྱིས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཨ་རིས་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༢༠༠ ཡི་ཚོང་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆ་ ༡༠ ནས་ ༢༥ ལ་སྤར་ཡོད་པ་དང་། དེའི་ཡ་ལན་དུ་རྒྱ་ནག་གིས་ཀྱང་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་ཨ་རིའི་ཨ་སྒོར་ཐེར་འབུམ་ ༦༠ ཡི་ཚོང་ཟོག་རིམ་པ་གསུམ་ལ་རྒྱལ་ཁྲལ་བརྒྱ་ཆ་ ༡༠ དང་ ༢༠། ༢༥ བཅས་རིམ་པ་གསུམ་སྤར་ཡོད་པ་རེད།

ཡང་ད་ལན་གྱི་ཞུ་ཡིག་དེའི་ནང་། ཉེ་ཆར་རང་སྲིད་འཛིན་ཊོམ་ཕུ་མཆོག་ནས་འཚོག་ལ་ཉེ་བའི་རྒྱལ་ཁབ་ ༢༠ ཚོགས་འདུའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་དང་ཚོང་དམག་སྐོར་གྲོས་མོལ་ཞུ་འདོད་ཡོད་སྐོར་གསལ་བསྒྲགས་གནང་ཡོད་པ་མ་ཟད། དེ་དུས་རྒྱ་ནག་ཕྱོགས་ནས་ཡ་ལན་གསལ་པོ་མ་སྤྲད་ཚེ། རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༣༠༠ ཡི་ཚོང་ཟོག་གཞན་ཁག་ལ་ཡང་རྒྱལ་ཁྲལ་སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དེར་བློ་འཚབ་ཡོད་སྐོར་གྱི་གནས་ཚུལ་བཀོད་པའི་ནང་། རྒྱལ་སྤྱིའི་ཚོང་ཤག་ལྷན་ཚོགས་(Trade Partnership Worldwide)ཀྱིས་བཏོན་པའི་སྙན་ཐོ་ལྟར་ན། གལ་ཏེ་ཨ་རིས་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༣༠༠ ཡི་ཚོང་ཟོག་ལ་རྒྱལ་ཁྲལ་སྤར་ཚེ། དེས་ཨ་རིའི་ནང་གི་ལས་ཀ་ས་ཡ་ ༢ ལས་མང་བ་བརླག་སྲིད་པ་མ་ཟད། ནང་མི་བཞི་ཅན་གྱི་ཨ་རིའི་ཁྱིམ་ཚང་དག་གི་འགྲོ་སོང་དེ་ཨ་སྒོར་ ༢༠༠༠ ལ་འཕར་སྲིད་པ། ད་དུང་ཨ་རིའི་རྒྱལ་ཡོངས་ཐོན་སྐྱེད་དེ་བརྒྱ་ཆ་ ༡ གིས་མར་ཆག་སྲིད་སྐོར་བཀོད་ཡོད་པ་དང་། ད་དུང་རྒྱལ་ཁྲལ་སྤར་བ་དང་ངེས་བརྟན་མེད་པའི་ཚོང་དོན་གྲོས་མོལ་དག་གི་རྐྱེན་པས་ཁྲོམ་རའི་ནང་དཀའ་རྙོག་བཟོས་ཡོད་པ་མ་ཟད། ང་ཚོའི་ལོ་རྒྱུས་རང་བཞིན་ལྡན་པའི་དཔལ་འབྱོར་གོང་འཕེལ་གྱི་གནས་བབ་ལ་ཉེན་ཁ་བསྐྲུན་ཡོད། ཅེས་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༦/༡༤

Leave a Reply

One thought on “ཨ་རིའི་བཟོ་གྲྭ་ ༦༠༠ ལྷག་གིས་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཞུ་ཡིག་ཕུལ།