འདི་ལོ་ནས་ན་གཞོན་གཟེངས་རྟགས་སྤྲོད་རྒྱུ་ཡིན་འདུག

བོད་རིགས་ན་གཞོན་མང་པོར་སེམས་ཤུགས་དང་བཟང་ཕྱོགས་ཀྱི་མིག་དཔེ་སྟོན་ཆེད་ན་གཞོན་གཟེངས་རྟགས་ཞེས་པ་སྤྲོད་རྒྱུ་ཡིན་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། དྷ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་སློབ་ཕྲུག་བཞི་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ།  འདི་ལོ་ནས་བཟུང་ཕྱི་ཟླ་ ༨ ཚེས་ ༣ ལ་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་ན་གཞོན་ཚོར་རང་རེའི་སྤྱི་ཚོགས་ཁྲོད་ཆེ་མཐོང་དང་ངོས་འཛིན་ཡོང་སླད་དུ། ན་གཞོན་གཟེངས་རྟགས་ཞེས་པའི་གཟེངས་བསྟོད་ཕྱག་འཁྱེར་དང་། ཧིན་སྒོར་འབུམ་ ༡ གི་བྱ་དགའ་སྤྲོད་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་སོང་།

ཐོག་མར་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ལགས་ཀྱིས་ན་གཞོན་གཟེངས་རྟགས་དང་འབྲེལ་ནས་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་དགོས་དམིགས་སྐོར་ངོ་སྤྲོད་གནང་སྐབས།  ང་ཚོའི་ཚོགས་པ་འདི་ཕྱི་ལོ་ ༢༠༡༦ ལོར་དྲ་ཐོག་བརྒྱུད་བཙུགས་ཤིང་། ཚོགས་པའི་དམིགས་ཡུལ་ནི་ཡོང་རྒྱུ་བསྡད་པའི་སློབ་མ་རྣམས་མཐོ་རིམ་སློབ་གྲྭར་སློབ་འཇུག་བྱེད་པར་རོགས་རམ་བྱེད་པའི་ཚོགས་པ་ཞིག་ཡིན།  རྗེས་སུ་སློབ་ཕྲུག་མང་པོ་ཞིག་གིས་སློབ་མ་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་ཚོགས་པ་ཞིག་ཡོད་པ་ཡིན་ན་ཧ་ལས་པའི་ཡག་པོ་ཡོད་པའི་བསམ་ཚུལ་མཐུན་པ་མང་པོ་བྱུང་བ་ལྟར། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཞེས་ཤེས་ཡོན་དང་ཀུན་སློང་། ཆིག་སྒྲིལ་བཅས་ལྟ་གྲུབ་གསུམ་གྱི་ཐོག་ནས་གཞོན་སྐྱེས་སློབ་ཕྲུག་ཕན་ཚུན་བར་ལམ་སྟོན་དང་རོགས་རམ། སེམས་ཤུགས་སྤར་ཐབས་ཀྱིས། བོད་པའི་གཞོན་སྐྱེས་ཚོ་འཛམ་གླིང་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་དང་དཔུང་པ་གཅིག་མཚུངས་ཀྱིས་འགྲོ་ཐུབ་ཆེད་དུ་བཟོས་པ་ཡིན། ཚོགས་པ་འདི་སློབ་ཕྲུག་རང་གི་ཚོགས་པ་ཞིག་ཡིན་དུས། ང་ཚོའི་ལངས་ཕྱོགས་ནང་ཆབ་སྲིད་དང་ཆོས་ལུགས་མེད་པར་སློབ་མའི་ཤེས་ཡོན་དང་ནུས་པ་གོང་འཕེལ་གཏོང་རྒྱུ་ཁོ་ན་དེ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས། ཚོགས་པའི་ལས་དོན་ཆེ་གྲས་ཁག་ཅིག་ཞུས་ན། བོད་རིགས་སློབ་མ་ནང་ཁུལ་དུ་རིག་རྩལ་འགྲན་བསྡུར་དང་ཤེས་ཡོན་གྱི་ལས་གཞི་སྤེལ་བ། བོད་པའི་གཞོན་སྐྱེས་ཤེས་ཡོན་པ་ཚོ་བསྡུ་རུབ་ཀྱིས་བགྲོ་གླེང་དང་། སློབ་ཕྲུག་གི་ཕ་མ་དང་ཐུག་འཕྲད་ཀྱིས་ཕ་མས་སློབ་ཕྲུག་གི་སློབ་གསོ་ཡར་རྒྱས་གཏོང་བར་རམ་འདེགས་ག་རེ་གནང་དགོས་པ། དེ་བཞིན། མི་ཞིག་ཤེས་ཡོན་ཅན་ཞིག་ཆགས་པར་དཔེ་ཀློག་ནི་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས་དཔེ་ཀློག་ཚོགས་པ་སོགས་བཙུགས་ཡོད། ཅེས་སོགས་བརྗོད་སོང་།

དེའི་རྗེས་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་དྲུང་ཆེ་དང་ན་གཞོན་གཟེངས་རྟགས་ཀྱི་རྐང་འགན་འཁུར་མཁན་ཉི་འོད་ལགས་ཀྱིས།  ང་ཚོའི་བརྟན་འཇགས་ཀྱི་ལས་གཞི་ཁག་ཕུད་པའི་ད་ལོ་ནས་ན་གཞོན་གཟེངས་རྟགས་ཞེས་པའི་དམིགས་བསལ་ལས་གཞི་ཞིག་མགོ་རྩོམ་གྱི་ཡོད། ན་གཞོན་གཟེངས་རྟགས་འབུལ་དགོས་པའི་དགོས་དམིགས་གཙོ་བོ་ནི་ང་ཚོ་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་ལངས་ཕྱོགས་ཤེས་ཡོན་དང་སྐུལ་འདེད། མཐུན་སྒྲིལ་ལབ་ནས་རྩ་དོན་གསུམ་གཞི་ལ་བཞག་སྟེ། བོད་མི་ན་གཞོན་ཤེས་ཡོན་ཐོག་གཟེངས་སུ་ཐོན་པ་དང་། སྤྱི་ཚོགས་ཞབས་ཞུའི་ཐོག་གཟེངས་སུ་ཐོན་པ། དེ་བཞིན། ཤེས་འཇོན་ལྷག་བསམ་ལྡན་པའི་ན་གཞོན་ཞིག་ལ་གཟེངས་རྟགས་ཕུལ་བ་བརྒྱུད། གཟེངས་སུ་ཐོན་པའི་ན་གཞོན་ཚོར་ང་ཚོའི་སྤྱི་ཚོགས་ནང་ཆེ་མཐོང་དང་ངོས་འཛིན་འཐོབ་རྒྱུ་མ་ཟད། ན་གཞོན་མང་པོ་ཞིག་ལ་སེམས་ཤུགས་དང་བཟང་ཕྱོགས་ཀྱི་མིག་དཔེ་ཐེབས་པའི་དམིགས་ཡུལ་བཟུང་ཡོད། ཅེས་དང་། འདི་ལོའི་ན་གཞོན་གཟེངས་རྟགས་ཀྱི་སྦྱིན་བདག་ནོར་རྒྱས་ལག་ཤེས་བཟོ་ཚོང་ཁང་དང་མནྡ་ལ་ཚོང་ལས་ཁང་གཉིས་ཡིན་སྐོར་བརྗོད་སོང་།

ཡང་ཁོང་གིས་ན་གཞོན་གཟེངས་རྟགས་ཁོངས་ཞུགས་མཁན་ལ་ཆ་རྐྱེན་ཅི་དགོས་སྐོར་ངོ་སྤྲོད་བྱས་པ་ལྟར་ན། དཔྱ་ཁྲལ་ལག་དེབ་ཡོད་པའི་བོད་རིགས་གཙང་མ་ཞིག་དང་། ལོ་ཚད་༡༨ ནས་ ༣༥ བར་ཡིན་དགོས་པ། དེ་བཞིན། ཤེས་ཡོན་ཐད་ཉུང་མཐར་གཞི་རིམ་གོང་མ་ཐོན་པ་དང་། བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུས་ཡོད་པ་དང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་པའི་གང་ཟག་ཞིག་ཡིན་དགོས་ཀྱི་འདུག

རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ནང་། ན་གཞོན་གཟེངས་རྟགས་ཐོབ་པར་ཕྱི་གསལ་ནང་གསལ་གྱི་ལམ་ནས་འདེམ་གསེས་ཀྱི་བརྒྱུད་རིམ་དུ་མ་ཞིག་བརྒྱུད་དགོས་པ་ཡིན། ཐོག་མར་ངོས་འཛིན་ཡོད་པའི་སློབ་ཕྲུག་ཚོགས་པ་ཁག་གི་ངོས་ནས་མ་མཐའི་ཆ་རྐྱེན་ཁག་གཞིར་བཞག་སྟེ་འོས་མི་གཉིས་རེ་མཚམས་སྦྱོར་གནང་རྒྱུ་དང་། སློབ་ཕྲུག་ཚོགས་པ་ཁག་གི་མཚམས་སྦྱོར་གནང་བའི་འོས་མིའི་ཁྲོད་ནས་མཚམས་སྦྱོར་མང་ཤོས་ཐོབ་མཁན་གྱི་མི་སྣ་ལྔ་རྟིང་རྩོད་དུ་གདམ་རྒྱུ་ཡིན། རྟིང་རྩོད་དུ་འདེམས་ཐོན་བྱུང་པའི་མི་སྣ་ལྔ་པོའི་ལོ་རྒྱུས་དང་བཅས་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་ཏེ་མང་ཚོགས་ལ་འོས་ཤོག་འཕེན་རྒྱུའི་གོ་སྐབས་སྤྲོད་རྒྱུ་དང་།  ཡིད་ཆེས་བློས་འགེལ་ཐུབ་པའི་མི་སྣ་ལྔ་ཡིས་གྲུབ་པའི་དམིགས་བསལ་འདེམས་སྒྲུག་ཚོགས་ཆུང་ཞིག་བཙུགས་ཏེ། དེ་དག་གིས་ཀྱང་རྟིང་རྩོད་དུ་ཚུད་པ་དག་ལ་འོས་ཤོག་འཕེན་དུ་འཇུག་རྒྱུ་ཡིན། མང་ཚོགས་ཀྱི་འོས་ཤོག་ལ་བརྒྱ་ཆ་སུམ་ཅུ་དང་དམིགས་བསལ་འདེམས་སྒྲུག་ཚོགས་ཆུང་ལ་བརྒྱ་ཆ་བདུན་ཅུར་ཆ་བགོས་བྱས་ཏེ། དེ་དག་གི་གྲུབ་འབྲས་ལྟར་རྩེ་ཐོག་གཅིག་བདམས་ཏེ་དངུལ་འབུམ་གཅིག་དང་སྤུས་ཚད་ལེགས་པའི་ཆེ་བསྟོད་རྟགས་མ་བཅས་ཀྱི་གཟེངས་རྟགས་འབུལ་རྒྱུ་ཡིན། ཞེས་བརྗོད་འདུག

ཡང་དེ་རིང་གི་གསར་འགོད་ལྷན་ཚོགས་འདི་དང་འབྲེལ་ཏེ། རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ལྡི་ལིའི་ས་གནས་ཚོགས་གཙོ་ཞི་བདེ་ཟླ་བ་ལགས་ཀྱིས་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་རིགས་སློབ་ཕྲུག་ནང་ཁུལ་གྱི་་མཛའ་འབྲེལ་རིག་རྩལ་འགྲན་ཚོགས་ཆེན་མོ་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་རིག་རྩལ་འགྲན་ཚོགས་ཆེན་མོ་དེ་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་ཚོགས་གཏན་འཁེལ་ཡོད་པ་དང་། རིག་རྩལ་འགྲན་ཚོགས་ཆེན་མོ་དེར་དམིགས་ཡུལ་གསུམ་ཡོད་པ་ལས་དང་པོ་བོད་རིགས་གཞོན་སྐྱེས་ནང་ཁུལ་དུ་འཆམ་མཐུན་དང་འདུ་ཤེས་བསྐྲུན་ཐབས། གཉིས་པ་སློབ་ཕྲུག་སྒེར་གྱི་རིག་རྩལ་དང་སྒྱུ་རྩལ་གོང་འཕེལ་གཏོང་སའི་སྡིངས་ཆ་ཞིག་བསྐྲུན་ཐབས།  གསུམ་པ་མི་རབས་གསར་པའི་ཐུན་མོང་མ་ཡིན་པའི་མགོ་འཁྲིད་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་བཅས་ཡིན་སྐོར་བསྒྲགས་སོང་།

མཇུག་ཏུ་གསར་འགོད་པས་ན་གཞོན་གཟེངས་རྟགས་ཀྱི་འོས་མི་ག་དུས་ནས་འདེམས་སྒྲུག་བྱས་ཏེ་ཡོངས་བསྒྲགས་བྱ་རྒྱུ་ཡིན་མིན་དྲིས་པར་དྲུང་ཆེ་ཉི་འོད་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༡༥ ཡས་མས་སུ་གཏན་འཁེལ་གྱི་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༣ ཉིན་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་དང་བསྟུན་གཟེངས་རྟགས་སྤྲོད་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༡༤

Leave a Reply

One thought on “འདི་ལོ་ནས་ན་གཞོན་གཟེངས་རྟགས་སྤྲོད་རྒྱུ་ཡིན་འདུག

  1. ༄།བོད་ཀྱི་སློབ་མའི་ལྷན་ཚོགས་ནས་ལས་འགུལ་འདི་ལྟ་བུ་སྤེལ་བ་རྗེས་སུ་ཏིད་རང་ཞུ།འོན་ཀྱང་་་་ང་ཚོས་ལངས་ཕྱོགས་ནང་ཆབ་སྲིད་དང་ཆོས་ལུགས་མེད་པ་ཟེར།སློབ་མའི་ལྷན་ཚོགས་ཀྱི་ཆབ་སྲིད་ལགས་ཕྱོགས་འདི་ཡིན་དང་ཆོས་ལུགས་འདི་ཡིན་ཟེར་བ་གཏན་འབེབས་མེད་ན་ཡང་འགྲིག་ཀྱང་།ལྷན་ཚོགས་ཀྱི་ལངས་ཕྱོགས་ནང་ཆབ་སྲིད་དང་ཆོས་ལུགས་གཉིས་ཀ་མེད་ན་མ་འོང་བོད་ཀྱི་འཐབ་རྩོད་དང་འགོ་ཁྲིད་ཇི་ལྟར་བྱེད།