རྒྱ་གར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་ ༦ པ་བསྡུ་བའི་གསལ་བསྒྲགས་གནང་།

ཕྱི་ཚེས་ ༡༥ ནས་ ༡༦ བར་གངས་སྐྱིད་བོད་ཁང་ཆེན་མོའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་ ༦ པ་འཚོགས་རྒྱུ་ཡིན་འདུག
དེ་རིང་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་(Indian Core Group for Tibetan Cause)པའི་གོ་སྒྲིག་འོག ༧གོང་ས་མཆོག་གི་དབུས་པའི་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་ནས་མི་ལོ་ ༦༠ འཁོར་བ་དང་། ཕྱི་ལོ་ ༡༩༥༩ ལོའི་ཀ་ལི་ཀ་ཏའི་རྒྱ་གར་རྒྱལ་ཡོངས་བོད་ཀྱི་ཚོགས་ཆེན་ཚོགས་ནས་མི་ལོ་ ༦༠ འཁོར་བ་དང་བསྟུན། སང་ཉིན་ཕྱི་ཚེས་ ༡༥ ནས་ ༡༦ བར་གངས་སྐྱིད་བོད་ཁང་ཆེན་མོའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་ ༦ པ་འཚོགས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

 གསར་འགོད་གསལ་བསྒྲགས་སྐབས་ཚོགས་ཆེན་གོ་སྒྲིག་གི་གཙོ་གཉེར་བ་ཁེ་རི་མི་(Shri R K khrimey) ལགས་ཀྱིས། ཚོགས་པ་དེ་ནི་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཆེད་ལས་འགུལ་སྤེལ་བཞིན་པའི་རྒྱ་གར་བའི་ཚོགས་པ་དང་མི་སྒེར་ཚོར་འབྲེལ་མཐུད་བྱེད་མཁན་ཀྱི་ཚོགས་པ་ཞིག་ཡིན་པ་དང་། དེ་ནི་ཕྱི་ལོ་ ༢༠༠༢ ལོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་དོན་ཐད་ལས་འགུལ་ཡག་པོ་སྤེལ་གྱི་ཡོད་སྟབས། ཁོང་ཚོའི་ཚོགས་པ་ཕན་ཚུན་བར་འབྲེལ་མཐུད་ཀྱིས་ལས་འགུལ་རྒྱ་ཆེན་པོ་དང་ཚགས་ཚུད་ཡོངས་ཐབས་སུ་གསར་འཛུགས་བྱས་པ་ཞིག་རེད། ལོ་གཉིས་རེའི་མཚམས་སུ་རྒྱལ་ཡོངས་ཚོགས་ཆེན་རེ་འཚོག་གི་ཡོད་པ་རེད། ཅེས་བརྗོད་སོང་།

དེའི་རྗེས་ཚོགས་པའི་ཚོགས་ཆེན་གོ་སྒྲིག་གཙོ་གཉེར་ལས་རོགས་ཤྲི་སན་ཌར་ཀུ་མར་ (Shri Sunder Kumar) ལགས་ཀྱིས། བོད་ནང་གི་གནས་སྟངས་སྡུག་པོ་ཡོད་སྟབས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སླར་གསོ་གནང་ཐབས་སུ་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་སྙིགས་རོ་དོར་བ་དང་། བོད་ནས་བཞུར་བཞིན་པའི་གཙང་པོ་རྣམས་འབག་བཙོག་བཟོས་པ། བོད་ནང་ནགས་ཚལ་གཅོད་འབྲེག་བྱས་པས་ཤར་ལྷོ་ཨེ་ཤ་ཡའི་ཁུལ་དུ་འཐུང་ཆུ་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐད་ལྡོག་ཕྱོགས་ཀྱི་འགྱུར་བ་ཤུགས་ཆེན་ཐེབས་བཞིན་ཡོད་པས། རྒྱ་གར་གཞུང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སུ་གལ་ཆེན་གྱི་ཤ་ཆས་ལེན་རྒྱུ་ཡོད་པ་དང་། ཚོགས་ཆེན་སྐབས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་ཚོས་གནད་དོན་འདི་ཚོའི་ཐོག་ཆ་ཤས་བླངས་ཏེ་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་པ་དང་། ད་ལྟའི་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ནི་ཕན་ཐོགས་མེད་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་གསལ་བསྒྲགས་ཀྱི་བསྒྲགས་གཏམ་ནང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་གྱི་ས་ཕྱོགས་འདྲ་མིན་ནས་མཉམ་ཞུགས་པ་ ༡༨༠ ལྷག་འཛོམས་ཏེ། དེ་སྔའི་ལྔ་དང་ལྔ་བཅུའི་བོད་མིའི་སྤྱི་ཚོགས་སྲ་བརྟན་དང་གཞོན་སྐྱེས་ཚོགས་འདུའི་སྟེང་བཏོན་པའི་བསམ་ཚུལ་དག་གཞིར་བཟུང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་གཞི་དང་འབྲེལ་བའི་ཐབས་བྱུས་དང་ལས་འཆར་སྤེལ་ཕྱོགས་ཐད་ལ་གྲོས་བསྡུར་ལྷུག་པོ་གནང་རྒྱུ་ཡིན་པ་མ་ཟད། རྒྱ་གར་ངོས་ནས་རྒྱ་དཀར་ནག་གི་འབྲེལ་ལམ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གཏོར་བཤིག་གཏོང་ཐབས་བྱས་ཡོད་པས། བོད་དེ་རྒྱ་གར་ལ་ཇི་ཙམ་གལ་འགངས་ཆེན་པོ་ཆགས་ཡོད་ཚུལ་སྐོར་ནས་ཀྱང་གོ་བསྡུར་གནང་རྒྱུ་ཡིན་པ་མ་ཟད། ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གི་གལ་འགངས་རང་བཞིན་དང་། དེས་རྒྱ་གར་གཙོས་པའི་བོད་ཀྱི་ཆུ་མོ་རྒྱུགས་ཡུལ་གྱི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཇི་ལྟར་སྦྱིན་གྱི་ཡོད་པའི་སྐོར་དང་། བོད་ཀྱི་འཐབ་རྩོད་དང་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྟོབས་ཤུགས་ཆེར་བསྐྱེད་དེ་བོད་ཀྱི་བདེན་མཐའ་དེ་ཞི་བའི་ཐོག་ནས་ཇི་ལྟར་གསལ་ཐབས་བྱེད་དགོས་པའི་སྐོར་ནས་བགྲོ་བསྡུར་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༤

Leave a Reply