མགོ་ལོག་ཁུལ་གྱི་ཡུལ་ཚོ་གཅིག་གི་ནང་ནས་བོད་མི་ ༡༣ འཛིན་བཟུང་བྱས།

མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་ནས་ནག་ཚོགས་ངན་འཛོམས་ཟེར་བའི་ལས་འགུལ་འོག་མི་  ༦༥༨ འཛིན་བཟུང་བྱས་ཟིན་ཡོད་པ་དང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བར་དུ་དོགས་ཡོད་ཉེས་ཅན་ ༣༣༣ འཛིན་བཟུང་བྱེད་པར་ཆོག་མཆན་སྤྲད་ཡོད་པ་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༧  ཉིན། རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་དུ་ནག་སེལ་ངན་འཇོམས་ཟེར་བར་ཁ་གཡར་ཏེ། དར་ལག་རྫོང་སྟག་ཐོག་ཡུལ་ཚོའི་བོད་མི་ ༡༣ འཛིན་བཟུང་བྱས་ནས་ད་ལྟའང་བཀག་ཉར་འོག་ཡོད་པ་དང་། དེ་བཞིན་མི་མང་ཁྲོད་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་སྐོར་བཀའ་རྒྱ་བསྒྲགས་ཏེ། སྲིད་གཞུང་གི་བོད་རིགས་ལས་བྱེད་ཚོས་ཕྲེང་བ་དང་སྲུང་མདུད་སོགས་འདོགས་མི་ཆོག་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོར་འབྲེལ་བ་བྱེད་མི་ཆོག་པ་སོགས་དམ་དྲག་དང་རྟོག་ཞིབ་ཤུགས་ཆེན་བྱེད་བཞིན་ཡོད་འདུག

འདི་ག་བོད་ཀྱི་དུས་བབ་ལ་འབྲེལ་ཡོད་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་འཛིན་བཟུང་བྱས་པའི་བོད་མིའི་ཁྲོད་དུ་ཞི་པོ་ཞེས་པ་ཞིག་ཡོད་པ་དང་། དེ་མིན་རྣམས་སུ་སུ་ཡིན་ད་ལྟའི་ཆར་གསལ་ཁ་མ་བྱུང་ལ། ཁོང་ཚོ་འཛིན་བཟུང་བྱེད་དོན་རླངས་འཁོར་གྱི་ནག་ཚོང་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་།  ད་ལྟའི་ཆར་ཁོང་ཚོ་ཚང་མ་བཀག་ཉར་འོག་བཞག་འདུག  སྤྱིར་བཏང་ད་ལྟའི་ཆར་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་སྤེལ་ཏེ་ཕ་ཡུལ་ཕྱོགས་སུ་དམ་དྲག་ཆེན་པོ་ཡོད་པ་དང་། ཟླ་བ་འདི་ཆ་ཚང་ལ་ལས་འགུལ་དེ་སྤེལ་རྒྱུ་ཡིན་སྟབས་ཕ་ཡུལ་གྱི་མི་ཚོར་འབྲེལ་བ་བྱེད་རྒྱུར་སྟབས་བདེ་པོ་མི་འདུག ཅེས་བརྗོད་བྱུང་།

ཡང་འབྲེལ་ཡོད་གཞན་ཞིག་ལ་དར་ལག་རྫོང་ཁུལ་གྱི་བོད་མི་ཚོའི་ད་ལྟའི་གནས་སྟངས་ག་འདྲ་ཡིན་དྲིས་པར་ཁོང་གིས། མགོ་ལོག་ཁུལ་དུ་ནག་སེལ་ངན་འཇོམས་ཟེར་བའི་ལས་འགུལ་དེ་སྤེལ་ནས་ཟླ་བ་ཁ་ཤས་འགྲོ་བཞིན་ཡོད་པ་དང་། ནག་སེལ་ལས་འགུལ་དང་འབྲེལ་རྒྱ་ནག་གཞུང་གི་མཁོ་འཁྲིད་ཚོ་གྲོང་ཚོ་རེ་རེ་བྱས་ནས་ཡོང་སྟེ། མི་མང་ལ་ནག་སེལ་ངན་འཇོམས་དྲིལ་བསྒྲགས་དང་ཚོགས་འདུ་ཡང་དང་བསྐྱར་དུ་ཚོགས་བསྡུ་ཡི་ཡོད་པ་མ་ཟད། མི་མང་ལ་ནག་སེལ་ངན་འཇོམས་ཀྱི་ནང་དོན་རེ་རེ་བཞིན་ངེས་པར་དུ་ཤེས་རྟོགས་དགོས་པ་དང་། གལ་ཏེ་མ་ཤེས་པ་ཡིན་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

དེ་བཞིན་དགོན་པ་དང་གྲྭ་པ་ཚོས་ཆོས་ལུགས་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག་པ་དང་། གྲྭ་པ་རྣམ་དག་ཡིན་མིན་ལ་བརྟག་དཔྱད་བྱ་དགོས་སྐོར་བརྗོད་ནས་དགོན་པ་ཁག་གི་གྲྭ་རྒྱུན་ལ་ཚོད་འཛིན་བྱེད་པའི་སྲིད་བྱུས་སྤེལ་གྱི་ཡོད་པ་དང་། གཞན་ཕྱི་རྒྱལ་སོགས་སུ་ཉེ་འབྲེལ་དང་གྲོགས་པོ་ཚོར་འབྲེལ་བ་བྱེད་པ་དང་རྒྱ་གར་སོགས་ནས་ཅ་དངོས་རིགས་འབྱོར་མཁན་ཚོར་འདྲི་རྩད་བྱས་ཡོད་པ་མ་ཟད། ཁྱིམ་ཚང་དེ་རིགས་ཀྱི་བྱིས་པ་སོགས་སློབ་གྲྭའི་ནང་བཅུག་མི་ཆོག་པའི་ཉེན་བརྡའང་གཏོང་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ་དེས་ཁོ་རང་གི་སྤུན་མཆེད་ལ་མཚོན་ན། ནམ་རྒྱུན་ཁོས་འབྲེལ་བ་བྱས་པའི་རྐྱེན་གྱིས་ཐེངས་གཉིས་གསུམ་ཞིག་ལ་སྲིད་གཞུང་གི་མགོ་འཁྲིད་ཚོས་འབོད་འགུག་གིས་འདྲི་རྩད་བྱས་ཡོད་པ་མ་ཟད།  རྒྱ་ནག་གཞུང་གི་ལས་བྱེད་པ་ཞིག་ཡིན་ཕྱིན་ཉེ་རིང་སྤུན་མཆེད་དང་གྲོགས་པོ་སོགས་ཀྱི་སྐད་འཕྲིན་ཚོགས་པའི་ནང་འདུག་འཇུག་གི་མེད་པ་སོགས་བལྟས་བལྟས་རིག་རིག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོས་ཉེ་སྔོན་མགོ་ལོག་ཁུལ་དུ་མི་མང་ཁྲོད་ལོ་ ༡༦ ཡན་དང་ ༣༥ མན་ཆད་དམག་དཔུང་ནང་འཛུལ་ཞུགས་ཆོག་པའི་གསལ་བརྡ་བཏང་སྟེ་དམག་མི་བསྡུ་རུབ་བྱས་ཡོད་པ་དང་། སྐབས་དེར་དམག་དཔུང་ནང་ཞུགས་མཁན་བུ་དང་བུ་མོ། གྲྭ་པ། བཙུན་མ་སོགས་སུ་ཡིན་རུང་ཡོང་ཆོག་ན་ཡང་། ང་ཚོའི་ཕ་ཡུལ་སོགས་སུ་དམག་གི་ནང་ཞུགས་མཁན་མ་བྱུང་སྟབས། རྒྱ་ནག་གཞུང་གིས་ལོ་ཚད་རན་པ་ཚོར་དམག་ནང་ལ་མི་ཞུགས་པའི་རྒྱུ་མཚན་གང་ཡིན་འདྲི་རྩད་བྱེད་བཞིན་ཡོད་པ་དང་།  འདྲི་རྩད་སྐབས་དམག་ནང་ལ་ཞུགས་འདོད་མི་འདུག་ལྟ་བུ་ལབ་ན་ཉེས་སྐྱོན་འགེལ་གྱི་ཡོད་སྟབས། མི་མང་གིས་ག་རེ་བྱེད་དགོས་མ་ཤེས་པ་ལྟ་བུ་བྱུང་གི་ཡོད་འདུག ཅེས་བརྗོད་བྱུང་།

ཟླ་སྔོན་མའི་ནང་རྒྱ་ནག་དབུས་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ ༡༨ པ་ཟེར་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ།  མཚོ་ཤར་གྲོང་ཁྱེར་བཅས་ཁུལ་དང་གྲོང་ཁྱེར་བདུན་ལྷག་གི་ནང་ནག་འཇོམས་ངན་སེལ་ལས་འགུལ་ག་འདྲ་སྤེལ་ཡོད་མེད་ཐད་རྟོག་ཞིབ་བྱས་ཏེ། ཕྱི་ཟླ་ ༦ ཚེས་ ༦ ཉིན་ཟི་ལིང་དུ་ཚོགས་འདུ་བསྡུས་ཏེ་གསལ་བསྒྲགས་བྱས་པ་ལྟར་ན། ནག་འཛོམས་ངན་སེལ་གྱི་“རྣོན་པོ་སྤུ་གྲི”་ཟེར་བ་སོགས་ཀྱི་འགུལ་སྤྱོད་འོག་མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་ནས་མི་གྲངས་  ༦༥༨ འཛིན་བཟུང་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བར་དུ་དོགས་ཡོད་ཉེས་ཅན་ ༣༣༣ འཛིན་བཟུང་བྱེད་པར་ཆོག་མཆན་སྤྲད་ཡོད་འདུགཡང་ཚོགས་འདུ་དེའི་ཐོག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཡོངས་ནག་སེལ་ངན་འཇོམས་དགོངས་དོན་ཟེར་པར་སློབ་སྦྱོང་ཡག་པོ་བྱས་ཡོད་སྐོར་དང་། ནག་འཇོམས་ངན་སེལ་འཐབ་རྩོད་ཀྱིས་འབྲོག་པ་མང་ཚོགས་ཀྱི་བདེ་འཇགས་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། དེ་དང་མཉམ་དུ་འབྲོག་ཁུལ་གྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཚོང་ར་སོགས་ནས་གནད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ། མང་ཚོགས་ཁྲོད་ནག་ངན་སྟོབས་ཤུགས་འཚར་ལོངས་འབྱུང་བར་གཏན་འགོག་ཐུབ་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་རྨ་ཆེན་རྫོང་དང་པདྨ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། གཅིག་སྒྲིལ་རྫོང་། རྨ་སྟོད་རྫོང་བཅས་རྫོང་ཁག་དྲུག་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན། ཁུལ་དེའི་ནང་ཁྱོན་མི་གྲངས་ཁྲི་ ༢༠ ལྷག་ཡོད་པ་དང་། དམ་དྲག་རྟོག་ཞིབ་ཤུགས་ཆེན་བྱེད་བཞིན་པའི་དར་ལག་རྫོང་ཁོངས་སུ་སྟག་ཐོག་ཡུལ་ཚོ་དང་བདེ་ནང་ཡུལ་ཚོ། འབོས་སྤ་ཡུལ་ཚོ། དཔོན་སྐོར་ཡུལ་ཚོ་གོང་འོག་གཉིས། འཛུགས་སྐུན་ཡུལ་ཚོ། འོད་གསལ་ཡུལ་ཚོ། རྒྱུད་སྨད་ཡུལ་ཚོ་སོགས་ཡུལ་ཚོ་དགུ་དང་། ཕྱི་ལོ་ ༢༠༡༣ ལོར་མི་གྲངས་ཁྲི་ ༣ ལྷག་ཡོད་འདུགརྒྱ་ནག་གཞུང་གིས་ནག་སེལ་ངན་འཇོམས་ཞེས་པའི་ལས་འགུལ་དེ་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་བོད་ཁུལ་གྱི་ས་ཆ་སོ་སོར་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ལས་འགུལ་དེའི་ཁྲོད་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་བཙོན་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད།  ད་ལོའི་ཕྱི་ཟླ་ ༤ པའི་ནང་ནག་ཚོགས་ངན་སེལ་ལ་ཁ་གཡར་ནས་རེབ་གོང་ཧོར་རྒྱ་སྡེ་བའི་ས་ཆའི་བདག་དབང་རྩོད་མཁན་ཁ་འགོ་བ་ཚོགས་ཆུང་གི་བོད་མི་ ༩ འཛིན་བཟུང་བྱས་ཏེ། ཕྱི་ཟླ་ ༤ པའི་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ནས་བོད་མི་དེ་དག་ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང། རྒྱལ་སྤྱིའི་ཁྲོད་ས་ཆའི་བདག་དབང་གི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Habitat International Coalition)གཉིས་མཉམ་རུབ་ཐོག བོད་མི་དེ་དག་གིས་སོ་སོ་དང་མང་ཚོགས་ཀྱི་ས་ཆའི་བདག་དབང་རྩོད་པ་དེ་ནི་ནག་ཚོགས་ཀྱི་བྱ་སྤྱོད་གང་ཡང་མིན་པ་དང་། རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་པས་ཁོང་ཚོ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་དྲ་ཐོག་འབོད་སྐུལ་གྱི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༡༥

Leave a Reply