ཆབ་སྲིད་འབྲེལ་ཡོད་ཅིག་གར་སོང་ཆ་མེད་དུ་གྱུར།

ཉེ་སྔོན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་རྣམ་སྲས་ཞེས་པའི་བོད་རིགས་གཞོན་སྐྱེས་ཤིག་བོར་བརླག་ཏུ་ཕྱིན་པའི་འཚོལ་བརྡ་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་བཀྲམས་འདུག་ལ། རྣམ་སྲས་ལགས་གར་སོང་ཆ་མེད་དུ་གྱུར་ནས་ཟླ་ཕྱེད་ཙམ་འགྲོ་བཞིན་ཡོད་ཀྱང་ད་དུང་རྙེད་མི་འདུག་པས། འབྲེལ་ཡོད་ཁག་ཅིག་ལ་ཁོང་གི་སྐོར་སྐད་ཆ་དྲིས་དུས། རྣམ་སྲས་ལགས་ནི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཡོད་པ་ཞིག་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གི་བུ་ཡིན་ལ། འབྲེལ་ཡོད་ནས་ཁོང་རྡེ་ར་ལྡུན་གྱི་སེམས་ཁམས་གསོ་བཅོས་ཁང་ཞིག་ཏུ་གཏང་བའི་སྐད་ཆ་བྱུང་ཡོད་ཀྱང་བར་ལམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
འདི་གའི་གསར་འགོད་པས་ནོར་གླིང་བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་རྣམ་སྲས་ལགས་གར་སོང་ཆ་མེད་དུ་གྱུར་ནས་ཟླ་ཕྱེད་ཙམ་འགྲོ་བཞིན་ཡོད་སྟབས། ནོར་གླིང་གཞུང་ངོས་ནས་འཚོལ་གྱི་ཡོད་མེད་དྲིས་པར་ཁོང་གིས། ནམ་རྒྱུན་ནས་ཁོང་རང་ཉིན་གཅིག་གཉིས་རིང་འཁྱམས་ཕྱིན་ནས་མཐོང་སར་མེད་པ་ཆགས་འགྲོ་ཡི་ཡོད་པ་དང་། དེ་བཞིན་སྔོན་མ་ཐེངས་ཤིག་ལ་གཞན་གྱིས་ཤེས་རྟོགས་མེད་པར་ཁོང་རང་སྤྱི་སྤྱོད་རླངས་འཁོར་ནང་བསྡད་དེ་ལྡི་ལིར་ཕྱིན་པ་རེད། ད་རེས་དྷ་རམ་ས་ལར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲོ་ཡི་ཡོད་པ་དང་ཁོང་མཚམས་མཚམས་གངས་སྐྱིད་དང་མེག་ལོར་སོགས་སུ་འགྲོ་ཡི་ཡོད་སྟབས། དྷ་རམ་ས་ལའི་གཡས་གཡོན་དུ་ཉིན་གྲངས་གཉིས་གསུམ་རིང་བཙལ་བ་ཡིན། དེ་ནས་མ་རྙེད་པར་ལྡི་ལི་རུ་ཡོད་རྒྱུ་རེད་བསམ་ནས་ཉིན་ ༢ རིང་འཚོལ་ཡིག་བརྡ་ཁྱབ་སོགས་སྦྱོར་བཞིན་ང་ཚོས་ལྡི་ལི་རུ་བཙལ་བ་ཡིན་མོད་རྙེད་མ་བྱུང་། དེ་ནས་གྷོ་པལ་པུར་དང་སྤིར། ཇོ་ཏ་ར། བཀྲ་ཤིས་ལྗོངས། དེ་བཞིན། ཁོ་སྔོན་མ་སུ་ཇ་སློབ་གྲྭར་འགྲོ་མྱོང་འདུག་པས་སུ་ཇ་སློབ་གྲྭ་སོགས་སུ་ཁོའི་པར་སྦྱར་བ་དང་དྲ་ཐོག་ཏུ་བཀྲམས་པ་སོགས་བྱས་ནས་བཙལ་བ་ཡིན་ཡང་ད་དུང་རྙེད་མ་བྱུང་བས། ང་ཚོས་ས་གནས་མགོ་འཛིན་ལ་འབྲེལ་བ་བྱས་ཏེ་ཞུས་ཡོད་ལ། ཉེན་རྟོག་པར་སྙན་ཞུ་ཕུལ་ཟིན་པ་ཡིན། གང་ཡིན་ཟེར་ན། མི་ཞིག་བརླག་ཡོང་དུས་རྐྱེན་ངན་དེ་འདྲ་ཡོང་མི་སྲིད་པ་མིན་སྟབས། རྒྱ་གར་སྤྱི་ཚོགས་ནང་རྙོག་དྲ་དེ་འདྲ་བྱུང་ཡོང་དུས་ཉེན་རྟོག་ཁང་ལ་ཡོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

ནོར་གླིང་གཞུང་ནས་ཁོང་ལ་དམིགས་བསལ་གྱི་སྨན་བཅོས་མཐུན་རྐྱེན་སྦྱར་ཡོད་མེད་དྲིས་པར་ཚེ་རིང་ཕུན་ཚོགས་ལགས་ཀྱིས། ཁོང་ལ་སེམས་ཁམས་ཐང་པོ་མེད་པའི་སྐྱོན་སྡུག་ཅག་དེ་འདྲ་ཡོད་པ་མ་རེད་དེ། སྐབས་རེར་ཁོས་ང་ན་ཡི་འདུག་ལབ་པ་སོགས་ཡོང་དུས། སྨན་ཞབས་བརྒྱུད་བདེ་ལེགས་སྨན་ཁང་དུ་ཐེངས་ཁ་ཤས་རིང་འཁྲིད་དེ་ལུས་པོ་ཡོངས་བརྟག་དཔྱད་སོགས་བྱས་པ་རེད། ཉེ་སྔོན་བོར་བརླག་ཏུ་མ་ཤོར་སྔོན་སྐད་འདྲ་པོ་རྒྱག་གི་འདུག་པས། འཕྲོན་བསྟེན་ལས་ཁུངས་ལ་འབྲེལ་བ་བྱས་པ་རེད། ཐ་མག་ཉལ་ཐ་གཅོད་ས་དེ་འདྲའི་ནང་གཏང་ན་ཏག་ཏག་བསྡད་ཀྱི་མི་འདུག གང་ཡིན་ཟེར་ན། ཁོས་ཐ་མག་ཉལ་ཐ་འཐེན་ནས་དེ་འདྲ་ཆགས་པ་རེད་མི་འདུག ང་ཚོས་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་ཞུས་ཡོང་དུས། ལྡེ་ར་རྡུན་དུ་བསམ་བློ་བཅོས་ཐབས་ཀྱི་ལྷན་ཁང་དེ་འདྲ་ཡོད་པ་རེད་ཟེར། འོན་ཀྱང་། ལྷན་ཁང་དེ་དག་ནང་མི་ཉར་གྱི་ཡོད་པ་མ་རེད། ཁོ་ཚོས་སྐད་ཆ་བཤད་ནས་སློབ་གསོ་བརྒྱབས་ཏེ་མི་དྲག་སྐྱེད་བྱུང་བ་དེ་འདྲ་ཡོད་པ་རེད་ལབ་བྱུང་། སྐད་ཆ་འདི་འདྲ་ཞིག་བཤད་བཞིན་པའི་སྐབས་ཁོ་རང་བརླགས་པ་རེད། ཅེས་དང་། རྣམ་སྲས་ལགས་ཐོག་མར་ནོར་གླིང་དུ་ཞུགས་དུས་ནས་ཁ་ལྕེ་མི་དག་པ་དང་རྣ་བའི་མི་གོ་བའི་དཀའ་ངལ་ཡོད་སྟབས། འདས་པའི་ལོ་ ༩ ཙམ་རིང་ནོར་གླིང་གིས་ཁོང་ལ་སྡོད་ཁང་དང་བཟའ་བཏུང་རིན་མེད་ངང་སྤྲད་ཡོད་པ་མ་ཟད།  དེ་བཞིན་ལས་རོགས་ཚོས་འཆམ་འཆམ་དུ་འཁྲིད་པ་སོགས་བྱས་ནས་སེམས་ཁམས་གསོ་ཐབས་སོགས་བྱས་ཡོད་པ་དང་། ནམ་རྒྱུན་ལས་ཀར་ཡོང་འདོད་ཡོད་དུས་ཡོང་གི་ཡོད་པ་དང་རྗེས་ལུས་ཐེབས་ནས་ཡོང་ནའང་ཅི་ཡང་མ་ལབ་པར་ལྷོད་ཡངས་བྱས་ནས་བཞག་ཡོད་སྐོར་བརྗོད་བྱུང་།

དེ་ནས་གསར་འགོད་པས་ལྷོ་ཁ་སྐྱིད་སྡུག་གི་ཚོགས་གཙོ་ཉི་མ་བཀྲ་ཤིས་ལགས་སུ། ལྷོ་ཁ་སྐྱིད་སྡུག་ངོས་ནས་བོར་བརླག་ཏུ་ཕྱིན་པའི་རྣམ་སྲས་ལགས་འཚོལ་གྱི་ཡོད་མེད་སྐད་ཆ་དྲིས་སྐབས། ང་ཚོའི་ངོས་ནས་ཁོ་འཚོལ་བར་ཐབས་ཤེས་བྱས་དང་བྱེད་བཞིན་པ་ཡིན། གང་ཡིན་ཟེར་ན། ལྷོ་ཁ་སྐྱིད་སྡུག་ཚོགས་པར་ས་གནས་ག་ས་གང་ལ་མི་ཡོད་པས་ཁོ་ཚོར་བརྒྱུད་སྐུལ་གྱིས་འཚོལ་བཞིན་པ་ཡིན། དེ་མིན་འདིའི་ཉེ་འཁོར་ན་མི་འདུག ཁོ་རང་ནོར་གླིང་གི་ཚོགས་མི་ཞིག་ཡིན་དུས། ནོར་གླིང་དང་ང་ཚོ་ལྷོ་ཁ་སྐྱིད་སྡུག་ཟུང་འབྲེལ་ཐོག་དྷ་རམ་ས་ལའི་གཡས་གཡོན་ཚང་མར་བཙལ་ནས་རྙེད་མེད་པས། ང་ཚོས་མུ་མཐུད་འཚོལ་བཞིན་པ་ཡིན། ཞེས་བརྗོད་བྱུང་།

རྡེ་ར་ལྡུན་དུ་གཏང་མ་ཐུབ་པའི་རྒྱུ་རྐྱེན་ག་རེ་ཡིན་དྲིས་པར་ཉི་མ་ལགས་ཀྱིས། ང་ཚོས་ཁོང་རྡེ་ར་ལྡུན་དུ་སྐྱེལ་བའི་གྲ་སྒྲིག་བྱས་ནས་བསྡད་ཡོད། ལམ་སང་ཕར་སྐྱེལ་ཆོག་ཆོག་ཅིག་མི་འདུག སྙན་ཞུ་རྒྱག་པ་དང་ལན་ཡོང་བར་སྒུག་དགོས་པ་སོགས་བརྒྱུད་རིམ་འགྲོ་དགོས་ཀྱི་འདུག གལ་སྲིད་ཕར་ནས་ངོས་ལེན་བྱུང་བ་ཡིན་ན་ཕར་ནས་ཟླ་བདུན་བརྒྱད་ག་ཚོད་འདུག་དགོས་བྱུང་ན་འདུག་བཅུག་སྟེ། དྲག་སྐྱེད་བྱུང་བའི་རྗེས་ལ་ཚུར་ཡོང་ནས་ཁོ་རང་གི་པ་ལགས་ཆབ་སྲིད་བཙོན་ཟུར་ཡིན་དུས་ཆབ་སྲིད་བཙོན་པའི་འབྲེལ་ཡོད་ཀྱི་མིང་ཐོག་ནས་ཨོ་སི་ཊོ་ལི་ཡར་གཏོང་བའི་འབད་བཙོན་དང་གོ་རིམ་ཚང་མ་བསྒྲིགས་བཞག་ཡོད། ཆབ་སྲིད་བཙོན་པའི་གནས་སྟངས་ཐད་དགུ་བཅུ་གསུམ་དང་བདེ་སྲུང་ལས་ཁུངས། དེ་བཞིན། དགའ་ལྡན་གྲྭ་ཟུར་བག་བྲོ་ལགས་བཅས་ལ་དཔང་རྟགས་གསལ་གསལ་ཞུ་རྒྱུ་འདུག ཅེས་དང་། བརྒྱུད་ལམ་འདི་བརྒྱུད་ནས་བོད་རིགས་ཚང་མས་ཁོང་རྩད་གཅོད་གཏོང་བར་རོགས་འདེགས་དང་། གལ་སྲིད་རྙེད་སོན་བྱུང་ན་ཐོག་མའི་འཆར་གཞི་ལྟར་ཨོ་གླིང་དུ་གཞིས་སྤོར་ཐུབ་པར་ཚོགས་སྐྱིད་ཁག་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།

དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་རྣམ་སྲས་ལགས་ཀྱི་སྐོར་སྐད་ཆ་དྲིས་སྐབས། བུ་དེའི་སྐོར་ལ་ངས་ནོར་གླིང་འགན་འཛིན་དང་དབུས་གཙང་ཆོལ་ཁའི་ཚོགས་གཙོ། དེ་བཞིན་ལྷོ་ཁ་སྐྱིད་སྡུག་ཚོགས་གཙོ་བཅས་ངའི་ལས་ཁུངས་ནང་སྐད་བཏང་བ་ཡིན་ལ། སྐབས་དེར་ ནོར་གླིང་འགན་འཛིན་ལགས་ནས་རྡེ་ར་ལྡུན་གྱི་སེམས་ཁམས་གསོ་བཅོས་ཁང་གི་ཁ་བྱང་དང་འབྲེལ་གཏུགས་ཨང་གྲངས་སོགས་གནང་བ་ཡིན་ན། འགྲོ་གྲོན་ཆ་ཚང་ཁོ་རང་ཚོས་གཏང་སྟེ་ལས་ཀ་ཚང་མ་ནོར་གླིང་རང་གིས་བྱ་རྒྱུ་ཡིན་ལབ་སོང་། དེ་ནས་ང་ཚོས་འཕྲོད་བསྟེན་ལས་ཁུངས་ལ་སྐད་ཆ་དྲིས་པར་ཁོང་ཚོས་རྡེ་ར་ལྡུན་དུ་མི་སེམས་ཁམས་མ་བདེ་བ་དེ་ཚོའི་ཆེད་དུ་ནད་གསོ་ཁང་དེ་འདྲ་ཡོད་པ་རེད་ཅེས་གསུངས་བྱུང་བས། དེར་འགྲོ་རྒྱུ་དེ་ནོར་གླིང་འགན་འཛིན་ནས་འགན་ཆ་ཚང་འཁྱེར་རྒྱུ་བྱས་པ་རེད། དེའི་རྗེས་ལ་ག་རེ་བྱུང་མིན་ཧ་གོ་མ་སོང་ལ། བུ་དེ་ཡང་ཕར་ནད་གསོ་ཁང་དུ་སྐྱེལ་ཡོད་ས་མ་རེད། དེའི་བར་ནས་བུ་དེ་བརླགས་འདུག་པའི་སྐད་ཆ་ཡོང་གི་འདུག་ལ། ང་ལ་ཁ་པར་བསླེབས་སོང་། སྐབས་དེར་ངས་ཁ་སང་སྔོན་མ་ང་ཚོ་ཚོགས་འདུ་ཚོགས་དུས་ཁྱེད་རང་ཚོས་འགན་འཁུར་རྒྱུ་བྱས་ཡོད་པ་རེད་ཅེས་གསལ་བོ་ཞུས་ཡོད། བུ་བརླག་ཡོད་ན་ཉེན་རྟོག་པར་ཞུ་དགོས་རེད་ཅེས་ནོར་གླིང་ལ་གསལ་བཤད་ཚང་མ་བརྒྱབས་ཡོད། ང་ཚོས་ནོར་གླིང་འགན་འཛིན་ལ་འཕྲོད་བསྟེན་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་ནད་པར་རོགས་དངུལ་དང་ལམ་སྟོན་སོགས་ཐོབ་ཀྱི་ཡོད་པའི་གནས་ཚུལ་ཚང་མ་གསལ་བོ་ཞུས་ཡོད་ལ། སྐབས་དེར་ནོར་གླིང་འགན་འཛིན་ནས་ཁོ་རང་ཚོས་འགན་འཁུར་ནས་བྱེད་ཀྱི་ཡིན། འགྲོ་གྲོན་དེ་འདྲ་དམིགས་བསལ་དགོས་ཀྱི་མི་འདུག་ལབ་པ་རེད། ཕ་གིའི་འབྲེལ་གཏུགས་ཁ་པར་ཨང་གྲངས་སྤྲོད་རོགས་ལབ་པ་ལྟར་འབྲེལ་གཏུག་ཁ་བྱང་ཆ་ཚང་སྤྲད་པ་ཡིན། འོན་ཀྱང་། དེའི་རྗེས་ལ་བརླགས་འདུག་པའི་གནས་ཚུལ་བྱུང་བ་རེད། ཁོ་རང་འཇགས་བཞག་པ་ཡིན་ན་དེ་འདྲ་ཆགས་ཀྱི་རེད། ཅེས་བརྗོད་བྱུང་།

གསར་འགོད་པ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་སོང་སྟེ། འཕྲོད་བསྟེན་ལས་ཁུངས་མྱོས་རྫས་ངན་གོམས་དང་གཉན་ནད་རེག་དུག་གི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་སུ། ནོར་གླིང་ནས་བུ་སེམས་ཁམས་མི་བདེ་བ་དེ་འདྲ་ཞིག་གི་སྐོར་ལ་སྐད་ཆ་འདྲི་མཁན་བྱུང་ཡོད་མེད་དྲིས་སྐབས་ཁོང་གིས། ཟླ་ ༢ ཙམ་གྱི་གོང་དུ་དྷ་ས་བདེ་དོན་ལས་ཁུངས་བརྒྱུད་ཁ་པར་ཞིག་འབྱོར་ཏེ། ཁོ་རང་ཚོར་སེམས་ཁམས་མི་བདེ་བའི་ཕོ་གསར་ཞིག་ཡོད་གསུང་གི་འདུག་ལ། ནད་གསོ་ཁང་དེ་འདྲ་ལ་གཏོང་རྒྱུའི་འདོད་པ་འདུག འོན་ཀྱང་། ང་ཚོས་ངག་ཐོག་རང་ནས་ལམ་སྟོན་ག་རེ་ཞུས་ཡོད་ལབ་ན། ད་ལྟ་རྒྱ་གར་གཞུང་གིས་ཁྲིམས་ཐོག་རང་ནས་སེམས་ཁམས་མི་བདེ་བ་ཁོ་རང་ཚོར་འདོད་པ་མེད་པ་ཡིན་ན་ནད་གསོ་ཁང་ལ་བཅུག་ཆོག་གི་མི་འདུག་པས། དེ་འདྲའི་རིགས་བྱས་ཆོག་གི་ཡོད་པ་མ་རེད་ལབ་ཡོད། སེམས་ཁམས་མི་བདེ་བ་ཡིན་ན་སྨན་སྤྲད་ནས་ཡར་རྒྱས་འགྲོ་རྒྱུ་ཡོད་པའི་ལམ་སྟོན་ཞུས་ཡོད། གཞན་ཡིག་ཐོག་དང་དེ་འདྲའི་ཐོག་ནས་སྐད་ཆ་འདྲི་མཁན་ཁྱོན་ནས་བྱུང་མ་སོང་། ཞེས་བརྗོད་བྱུང་།
ནོར་གླིང་བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། རྣམ་སྲས་ལགས་ནི་ཕ་ཡུལ་ལྷོ་ཁ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༠ ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོབ་ཁང་གི་ལག་ཤེས་སྡེ་ཚན་གྱི་ཁྱབ་ཁོངས་ཤིང་ཚོན་སྡེ་ཚན་དུ་ཞུགས་ཡོད་པ་དང་། ད་ལྟ་རང་ལོ་ ༢༦ ཡིན་འདུག ཁོང་གི་པ་ལགས་དམ་པ་དེ་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་ཁང་གི་ལས་བྱེད་ཟུར་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ཡས་མས་ཤིག་ལ་ཁོང་གིས་ཕྱིར་ཕ་ཡུལ་བོད་དུ་ལོག་རྩིས་བྱས་ཏེ། བུ་རྣམ་སྲས་ལགས་ཀྱང་ནོར་གླིང་ནས་རྩ་དགོངས་ཞུས་ཏེ་ལྷན་དུ་འཁྲིད་ཕྱིན་ཡོད་ཀྱང་། ཁོང་ཕ་བུ་གཉིས་བལ་ཡུལ་དུ་འབྱོར་རྗེས་གློ་བུར་གྱི་ནད་མནར་ཞིག་གིས་པ་ལགས་འདས་གྲོངས་སུ་ཕྱིན་ཡོད་སྟབས། རྣམ་སྲས་ལགས་བོད་དུ་ལོག་མ་ཐུབ་པར་ཕྱིར་རྒྱ་གར་ནང་ལོག་དགོས་བྱུང་ཡོད་པ་དང་། དེ་ནས་ཁོང་ཕ་མ་སྤུན་ཉེ་གཅིག་ཀྱང་མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར་བར་བརྟེན། ཁྲིམས་ཞིབ་ཁང་གི་རེ་སྐུལ་འོག་རྣམ་སྲས་ལགས་ཐད་ཀར་ནོར་གླིང་གི་ལས་བྱེད་ནང་བསྐྱར་དུ་བཅུག་ཡོད་འདུག འདས་པའི་ལོ་ ༩ ཙམ་རིང་ཁོང་གིས་ཐེངས་འགར་སྙན་ཞུ་ཕུལ་ཏེ་ནོར་གླིང་ནས་རྩ་དགོངས་ཞུ་ཐབས་བྱས་ཡོད་ཀྱང་། ནོར་གླིང་འཛིན་སྐྱོང་ངོས་ནས་ཁོའི་གནས་སྟངས་ཤེས་ཀྱི་ཡོད་པ་ལྟར་རྩ་དགོངས་སུ་བཏང་མེད་པ་དང་། འདི་ལོའི་ལོ་མགོ་ཞིག་ལ་ནོར་གླིང་གི་ཡུལ་མི་ཁྱིམ་ཚང་ཞིག་དང་རྣམ་སྲས་བར་རྙོག་དྲ་ཞིག་བྱུང་སྟེ་ཁོང་ལ་གཅར་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་། ཕྱིས་སུ་ནང་གྲོས་བྱས་ཏེ་འགྲིག་མཐུན་ལེགས་པོ་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༡༥

Leave a Reply