ཁ་མཆུ་ཕྱིར་འགྱངས་ཐད་ཁྲིམས་ཞིབ་ཁང་གིས་རྩིས་མེད་བརྡ་ཐོ་བཏང་བའི་ནང་དགོས་མེད་དུས་འགྱངས་དང་དུས་གྲོན། ལས་རྙོག་ཆགས་གཞིར་སོང་ན་ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་སྤྱད་པའི་ཉེས་ཆད་ཕོག་སྲིད་ཅེས་བརྗོད་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༢:༣༠ སྟེང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༠ པའི་དགོངས་དོན་བཞིན། ཁ་མཆུ་ཞུ་སྦྱོར་ཨང་ ༢༠ པ་མ་ཉེས་ཁ་གཡོགས་ཀྱི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གནང་སོང་བ་དང་། གནད་དོན་ཉན་ཞིབ་གཏན་འབེབ་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསུམ་དབུ་བཞུགས་ཐོག་ཁྲིམས་ཞིབ་ཁང་གི་དྲུང་ཡིག་ཆེན་མོ་དང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་དང་བཀའ་ཤག་གི་ངོ་ཚབ་པ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། བཀའ་དྲུང་ཟུར་པ་རྫོང་ཁ་སྟོབས་རྒྱལ་ཚེ་རིང་། བཀའ་ཤག་གི་ལས་བྱེད་བསྟན་འཛིན་ཕུན་ཚོགས། དེ་བཞིན་གསར་འགོད་པ་དང་ཟུར་ཉན་པ་སོགས་མི་གྲངས་ ༤༠ ཡས་མས་ཞིག་འཛོམས་འདུག
གནད་དོན་གཏན་འབེབ་ཉན་ཞིབ་ཀྱི་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༠ པའི་དགོངས་དོན་བཞིན། གནད་དོན་གཏན་འབེབ་གནང་ཕྱོགས་ཀྱི་ཁྲིམས་སྒྲིག་ཁག་ངོ་སྤྲོད་སྒྲོག་སྦྱང་གནང་སོང་བ་དང་། དེའི་རྗེས་ཟླ་འདིའིི་ཕྱི་ཚེས་ ༥ ཉིན་གྱི་ཐོག་མའི་ཉན་ཞིབ་སྐབས་བཀའ་ཤག་གི་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁྲིམས་རྩོད་པས་ཁ་མཆུ་ཨང་ ༢༠ པ་ཟླ་ ༣ རིང་ཕྱིར་འགྱངས་ཡོང་བའི་བཀའ་འཁྲོལ་སྙན་ཞུའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་དོན་ཚན་ ༢༩ པའི་དགོངས་དོན་ལྟར་བཀའ་འཁྲོལ་སྙན་ཞུ་རྩིས་མེད་ཀྱི་བརྡ་ཐོ་བཏང་བ་སྒྲོག་སྦྱང་གནང་སོང་།
རྩིས་མེད་ཀྱི་བརྡ་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ཉིན་གྱི་ཐོག་མའི་ཉན་ཞིབ་ཀྱི་ཞོགས་པའི་བྱ་རིམ་འཕྲོ་མཐུད་དེ་འགོ་འཛུགས་བྱེད་སྐབས་སུ། རྩོད་ལན་པའི་ངོས་ནས་ཞུ་སྙན་ལ་སྣོན་འཕྲི་ཞུ་སླད། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ བར་དུས་འགྱང་གི་བཀའ་འཁྲོལ་ཞུས་པར། ཞུ་སྦྱོར་བས་དགག་ལན་དང་རྩོད་ལན་པས་སྒྲུབ་བྱེད་འདོན་རེས་བྱས་མཐར། ཁྲིམས་ཞིབ་ཁང་ནས་ཞོགས་པར་ཉན་ཞིབ་ཀྱི་བྱ་རིམ་གྲུབ་ཟིན་པའི་ཐོག་བསྐྱར་ལོག་བྱ་ཐབས་མེད་པ་དང༌། དུས་འགྱང་གི་སྙན་ཞུ་ཕུལ་བ་ལ་བརྟེན་ནས་ཉན་ཞིབ་ཀྱི་བྱ་རིམ་འགོག་ཐབས་མེད་པས། གསལ་བཟོའི་བྱ་རིམ་མུ་མཐུད་དེ་ཕྱིན་ཞིང་། མཇུག་ཏུ་དུས་འགྱང་གི་སྙན་ཞུ་བླངས་ཏེ། དེར་བཀའ་འཁྲོལ་སྤྲོད་མིན་ཁྲིམས་ཞིབ་པ་ལྷན་ཚོགས་སུ་གོ་བསྡུར་གྱིས་ཐག་གཅོད་ཡོང་རྒྱུའི་གསལ་བསྒྲགས་བྱས་ཡོད། ཅེས་དང་། རྩོད་ལན་པའི་ཁྲིམས་ཡིག་གི་འགྲོ་སྟངས་ལྟར་གྱི་འབྲི་སྲོལ་མ་ཡིན་པར་སྤྱིར་བཏང་ཡིག་འབྲེལ་ཚུལ་དུ་བྲིས་ཤིང་། ཁ་མཆུའི་ཡིག་ཆའི་བརྒྱུད་ལམ་གོ་རིམ་གང་ཡང་མ་བརྒྱུད་པར་གཏུག་བཤེར་ཁང་དུ་སྒྲོག་སྦྱང་བྱས་སྐོར་ཡོད་བཀོད་འདུག
ཡང་བརྡ་ཐོའི་ནང་། ཁྲིམས་ཞིབ་ཁང་ནས་ཁ་མཆུ་ངོས་བཞེས་གནང་བའི་ཐོག་ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་གདོང་ལེན་མ་བྱས་བར། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་བའི་སྙན་ཞུ་ཕུལ་ཚེ། དེར་ངོས་ལེན་བྱེད་ལམ་མེད་ལ། ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་ཐག་གཅོད་གནང་ཟིན་པའི་དོན་གནད་ཐོག་གྱོད་ཡ་སུ་རུང་ནས་རྩོད་སློང་བྱེད་མི་ཆོག་ཅེས་དང༌། རྩོད་ལན་པའི་ངོས་ནས་ཁྲིམས་ཡིག་གི་བྱ་རིམ་དང་། འགྲོ་སྟངས་ལ་ཡིད་གཟབ་དོ་ནན་བྱེད་དགོས་པ་བསྐྱར་ནན་དུ་བརྗོད་ཀྱི་ཡོད་ལ། ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་བའི་སྙན་ཞུ་འདྲ་མིན་ཕུལ་ཏེ། དགོས་མེད་དུས་འགྱངས་དང་དུས་གྲོན། ལས་རྙོག་ཆགས་གཞིར་སོང་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་སྤྱད་པའི་ཉེས་ཆད་ཕོག་སྲིད་པ་དང་། ལྷག་དོན་དུ། ཁྲིམས་ཡིག་གི་སྤྱིར་བཏང་ཤེས་བྱ་དང་རྒྱུན་ལྡན་བྱ་རིམ་ཙམ་ལའང་དོ་སྣང་མ་བྱས་པར། ཁྲིམས་ཀྱི་ཆ་རྐྱེན་མེད་བའི་སྙན་ཞུ་འབུལ་གཏོང་དང་། རྒྱུ་མཚན་མི་ལྡན་བའི་གནད་དོན་རྩོད་གླེང་། ཁྲིམས་ཞིབ་ཁང་གི་བྱ་རིམ་དང་ཐག་གཅོད་ལ་ཅོ་འདྲི་ཀླན་འཚོལ་ལྟ་བུའི་དབང་དུ་ཕྱིན་ཚེ། འགྲིག་ཐབས་མེད་པས། ཅི་ནས་ཀྱང་གཟབ་གལ་ཞེས་གསལ་པོར་བཀོད་ཡོད། ཅེས་བཀོད་འདུག
ཁྲིམས་ཞིབ་ཁང་ནས་གཏན་འབེབ་བྱས་པའི་ཁ་མཆུ་ཨང་ ༢༠ པའི་གནད་དོན་རགས་ཟིན་གྱི་དངོས་དོན་ཀྱི་གནད་དོན་ ༨ དང་། ཁྲིམས་དོན་གཉིས་སྒྲོགས་སྦྱང་གནང་བ་དང་སྦྲགས། ཁྲིམས་ཞིབ་ཁང་ནས་རགས་ཟིན་གནང་བའི་དོན་ཚན་ཁག་ལ་ཁ་སྣོན་ནམ་འཕྲི་འཐེན་ཇི་དགོས་སམ། ཁུངས་སྐྱེལ་འགན་ཁུར་སྤོ་བཤུག་དགོས་གལ་མཐོང་ཚེ། དེའི་རྒྱུ་མཚན་ཡང་དག་ཁྲིམས་ཞིབ་ཁང་ལ་ཡིད་ཆེས་ངེས་རྙེད་ཐུབ་པ་འདོན་འབུལ་དང་། བསམ་ཚུལ་མེད་ཚེ། མོས་མཐུན་ཡོད་པའི་ཁས་ལེན་བཅས་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ གོང་ཁྲིམས་ཞིབ་ཁང་ལ་ཕུལ་འབྱོར་དགོས་པའི་བརྡ་ཐོ་བཏང་གནང་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག