བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་༡༧པའི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དང་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་བཅས་མི་བདུན་བདམས།དེ་རིང་ཉིན་མཐའ མར་ཚོགས་ཞུགས་པ་རྣམས་ཀྱིས་འོས་ཤོག་འཕངས་བ་བརྒྱུད། དབུས་རྒྱུན་སྐབས་ ༡༧་པའི་ཚོགས་གཙོར་ལྡི་ལི་རོ་ཧེ་ནི་མཐོ་སློབ་ཀྱི་ས་རྒྱུན་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དང་། ཚོགས་གཞོན་བྷན་ཌ་ར་ས་རྒྱུན་ཚོགས་གཞོན་བློ་བཟང་ཚེ རིང་ལགས། དྲུང་ཆེ་ལྡི་ལི་རོ་ཧེ་ནི་ས་རྒྱུན་ཟུར་པ་བསོད་ནམས་ཚེ་རིང་ལགས། དེ་མིན་གྱི་དབུས་རྒྱུན་གཞན་རྣམས་ནི་དབུས་རྒྱུན་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས། ཅན་དྷི་སྒར་མཐོ་སློབ་ཀྱི་ས་རྒྱུན་བསྟན་འཛིན་ལྷ་མོ་ལགས། བལ་ཡུལ་ཀ་ཐ་མན་ཌུ་ས་རྒྱུན་ཚོགས་གཙོ་ཡེ་ཤེས་ཆོས་བཟང་ལགས་དང་། སྤྱིར་ས་གནས་ཚོགས་གཙོ་ཚེ་དབང་རབ་རྒྱས་ལགས་བཅས་བདམས་འདུག
མཇུག་བསྡོམས་མཛད་སྒོའི་ཐོག་དབུས་རྒྱུན་གསར་པ་རྣམས་ཀྱིས་ལས་ཁུར་དམ་བཅའ་ཕུལ་བ་དང་། དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཀྱིས་དབུས་རྒྱུན་གསར་རྙིང་གཉིས་ལ་རྟེན་འབྲེལ་གྱི་མཇལ་དར་བསྒྲོན། དེ་ནས་ཚོགས་གཙོ་གསར་པ་མགོན་པོ་དོན་འགྲུབ་ལགས་ཀྱིས་གཏམ་བཤད་གནང་སྐབས། མ་འོངས་པར་རྒྱུན་ལས་གསར་པ་རྣམས་ཀྱིས་རྒྱུན་ལས་རྙིང་པ་རྣམས་ཀྱི་ཕྱག་ལས་མཇུག་སྐྱོང་དང་ཡར་རྒྱུས་སུ་གཏོང་བར་འབད་བརྩོན་གནང་རྒྱུ་དང་། དེ་སྔོན་ལོགས་སུ་ཐོན་པའི་ས་གནས་གཞོན་ནུའི་གནད་དོན་སེལ་ཐབས་གནང་རྒྱུ་ཡིན་པ་སོགས་བརྗོད་ཡོད་པ་རེད།ད་ལན་གྱི་ཉིན་དྲུག་རིང་གི་ཚོགས་ཆེན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར་དང་། ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར། ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ། དེ་བཞིན་དམངས་གཙོའི་གོ་རྟོགས་གོང་སྤེལ་དང་སྤྱི་ཚོགས་ཞབས་ཞུ། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སོགས་གྲོས་ཆོད་དོན་ཚན་དགུ་བཞག་འདུག