ས་ཡོམ་ཁྲོད་ཉུང་མཐར་མི་ ༡༡ རྐྱེན་འདས་སུ་ཕྱིན།

རྒྱ་ནག་ལྷོ་བྱང་མཚམས་ཀྱི་འབྲི་ཆུའི་རྒྱུད་དུ་ཆགས་པའི་ཡི་བྷིན་གྲོང་ཁྱེར་ཁྲང་ནིན་རྫོང་ཁོངས་སུ་ས་ཡོམ་ཚད་རིམ་ ༦ ཅན་ཞིག་བརྒྱབས་ཏེ་མི་མང་པོར་ཤི་རྨས་བྱུང་ཡོད་འདུག

ཁ་སང་རྒྱ་ནག་གི་དགོང་མོའི་ཆུ་ཚོད་ ༡༠:༥༥ སྟེང་། རྒྱ་ནག་སི་ཁྲོན་ཡི་བྷིན(Yibin)གྲོང་ཁྱེར་ཁྲང་ནིན་(Changning)རྫོང་ཁོངས་སུ་ཚད་རིམ་ཚད་རིམ་ ༦ ཅན་གྱི་ས་ཡོམ་བརྒྱབས་ཏེ། ད་ལྟའི་བར་ཉུང་མཐར་མི་གྲངས་ ༡༡ རྐྱེན་འདས་དང་། མི་ ༡༢༢ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། མཚན་མོ་དེ་རང་ལ་ཡུལ་མི་ ༤༠༠༠ ཡས་མས་ས་གནས་གཞན་ལ་གནས་སྤོར་དགོས་བྱུང་ཡོད་འདུག་ལ། ཁང་པ་དང་ལམ་ཁ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག

རྒྱ་ནག་ས་ཡོམ་བརྟག་དཔྱད་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་ཤུགས་ཆེན་པོ་གཅིག་བརྒྱབས་རྗེས་བསྟུད་མར་ཤུགས་ཚད་མི་འདྲ་བའི་ས་ཡོམ་ཐེངས་ ༤ ཙམ་བྱུང་ཡོད་པ་དང་། ས་ཡོམ་གྱི་སྤྱིའི་གཏིང་ཚད་སྤྱི་ལེ་ ༡༦ ཙམ་ཡིན་པ་དང་ས་ཡོམ་གྱི་ལྟེ་གནས་སུ་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ད་ལྟའི་ཆར་མྱུར་སྐྱོབ་མི་སྣ་ ༣༠༠ ལྷག་གིས་གནོད་ཐེབས་ཁུལ་དུ་མྱུར་སྐྱོབ་དང་། གཞུང་ཕྱོགས་ནས་སྡོད་གུར་ ༥༠༠༠ དང་གྱོན་གོས་ ༡༠༠༠༠ གཙོའི་ཉེར་མཁོའི་ཅ་དངོས་དང་ཟ་མ་སོགས་མཁོ་གཏོང་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་མི་གྲངས་ ༡༡ ལས་རྐྱེན་འདས་ཕྱིན་མེད་སྐོར་བརྗོད་ཡོད་ན་ཡང་། ཕྱིའི་གསར་ཁང་ཁག་གིས་ས་ཡོམ་ཁྲོད་འདས་གྲོངས་སུ་སོང་བའི་གྲངས་འབོར་མུ་མཐུད་འཕར་གྱི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཧྥ་རན་སའི་རྒྱལ་སྤྱིའི་(AFP)གསར་ཁང་གིས་ས་ཡོམ་སྐབས་བླངས་བའི་བརྙན་སོགས་ཀྱི་ནང་ས་ཡོམ་ཤུགས་ཚད་ཆེན་པོ་ཡིན་སྟབས། ད་ལྟའི་ཆར་མི་ཤི་རྨས་སོགས་གནོད་སྐྱོན་ཐེབས་པའི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་འདུག

སི་ཁྲོན་ཁུལ་ནི་ས་ཡོམ་བྱུང་ཁུལ་གྱི་ལྟེ་བ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་སི་ཁྲོན་རོང་རྫོང་(Rongxian)དུ་ས་ཡོམ་བྱུང་སྟེ་ཉུང་མཐར་མི་གྲངས་ ༣ ལྷག་བསད་ཡོད་པ་དང་། ཕྱི་ལོ་ ༢༠༠༨་ལོར་སི་ཁྲོན་ཝུན་ཁྲན་ཁུལ་དུ་ས་ཡོམ་ཚད་རིམ་ ༧.༩ ཅན་ཞིག་བྱུང་སྟེ་མི་གྲངས་ ༨༧༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ལོའུ་ཧྲན་རྫོང་དུ་ཚད་རིམ་ ༧ ཅན་གྱི་ས་ཡོམ་བྱུང་སྟེ་མི་ ༡༩༣ འདས་གྲོངས་དང་། མི་ ༡༢༢༡༡ ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་རེད།
རྒྱ་ནག་གིས་ས་ཡོམ་དང་ས་ཉིལ་རི་ཉིལ་སོགས་ཀྱི་གནོད་སྐྱོན་ཐེབས་སྐབས་མི་ཤི་རྨས་ཀྱི་གྲངས་ཀ་སོགས་དངོས་ཡོད་གནས་ཚུལ་མང་པོ་ཞིག་སྦས་སྐུང་བྱེད་གང་ཐུབ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཝུན་ཁྲན་ས་ཡོམ་དང་ཕྱི་ལོ་ ༢༠༡༣ ལོའི་ལོའུ་ཧྲན་ས་ཡོམ་སོགས་ཀྱི་སྐབས་ཕྱིའི་གསར་འགོད་པ་ས་གནས་སུ་མ་བཏང་བ་དང་། ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་རོགས་སྐྱོར་མི་སྣ་སོགས་གནོད་ཐེབས་ཁུལ་དུ་བཏང་མེད་པ་དང་། ལོའུ་ཧྲན་ས་འགུལ་སྐབས་རྒྱ་ནག་གཞུང་ཕྱོགས་ནས་མྱུར་སྐྱོབ་ཀྱི་བྱ་བ་ལེགས་པོ་མ་བསྒྲུབས་པའི་རྐྱེན་གྱིས་ས་གནས་མི་ཚོགས་ཁྲོད་བསམ་ཚུལ་ཤུགས་ཆེན་བྱུང་ཡོད་པ་དང་། སྐབས་དེར་རྒྱ་རིགས་ཤེས་ལྡན་པ་ཞཱ་ཡེ་ལིང་གིས་གཞུང་ཕྱོགས་ནས་གནོད་ཐེབས་ས་ཁུལ་དུ་ནམ་རྒྱུན་ལྟར་ཕྱོགས་གཅིག་ནས་རོགས་སྐྱོར་དང་། ཕྱོགས་གཞན་ནས་གཞུང་གི་དྲིལ་བསྒྲགས་ལས་དོན་སྤེལ་ཡོད་པ་ལས། མི་མང་གི་དཀའ་ངལ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཁག་བཀག་སྡོམ་བྱས་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་ནང་རང་བྱུང་གནོད་འཚེ་ཐེངས་མང་བྱུང་ཡང་རྒུད་སྐྱོབ་ལས་དོན་དེ་དྲག་ཆས་དམག་མི་དང་མི་མང་ཁོ་ནར་བརྟེན་པ་ལས། ཆེད་ལས་རང་བཞིན་གྱི་རྒུད་སྐྱོབ་དཔུང་སྡེ་མེད་སྟབས། མ་འོངས་པར་ཉི་ཧོང་ལྟར་གནོད་སྐྱོན་འདིའི་རིགས་བྱུང་སྐབས། གནས་སྐབས་ཙམ་མིན་པར་ཆེད་ལས་རང་བཞིན་གྱི་རྒུད་སྐྱོབ་མི་སྣ་སྐྱེད་སྲིང་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། གྲ་སྒྲིག་མེད་པ་དེས་ལས་དོན་མང་པོ་ཞིག་འཐུས་ཤོར་དུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

ཡི་བྷིན་གྲོང་ཁྱེར་ཁྲང་ནིན་རྫོང་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྷོ་བྱང་མཚམས་ཀྱི་འབྲི་ཆུའི་རྒྱུད་དུ་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་རྒྱ་ནག་གི་མི་གྲངས་ཞིབ་བཤེར་སྐབས་རྫོང་དེར་ཁྱོན་མི་གྲངས་ ༤,༤༧༡,༨༤༠ ཡོད་པ་དང་། ཡུལ་མིའི་འཚོ་རྟེན་གཙོ་བོ་ཞིང་ལས་དང་བཟོ་ལས་སོགས་ཡིན་པ་དང་རྒྱ་ནག་གི་ཇ་དང་ནས་འབྲུ་ས་སྣུམ་སོགས་ཀྱི་ཐོན་ཁུངས་ཆེ་ཤོས་ཤིག་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༡༨

Leave a Reply