རྒྱ་སྒོར་དགོས་ན་རྒྱ་ཡིག་སྦྱོངས།

བལ་ཡུལ་གྱི་སྒེར་གཉེར་སློབ་གྲྭ་ཁག་གི་རྒྱ་ཡིག་དགེ་རྒན་ཚོར་རྒྱ་ནག་གཞུང་གིས་ཟླ་ཕོགས་སྤྲད་དེ་སློབ་ཕྲུག་ཚོས་ངེས་པར་དུ་རྒྱ་ཡིག་འཛིན་གྲྭ་ལེན་དགོས་པ་བཟོས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བལ་ཡུལ་གྱི་ཧི་མ་ལ་ཡའི་དུས་བབ་ཀྱིས་བལ་ཡུལ་གྱི་སྒེར་གཉེར་སློབ་གྲྭ་ཆེ་ཁག་བཅུ་གྲངས་ནང་གནས་ཚུལ་རྒྱུས་ལོན་བྱས་པ་བརྒྱུད་ཤེས་རྟོགས་བྱང་བ་ལྟར་ན། སྒེར་གཉེར་སློབ་གྲྭ་ཕལ་ཆེ་བའི་ནང་རྒྱ་ཡིག་སློབ་ཚན་ངེས་པར་སྦྱང་དགོས་པ་གཏན་འབེབ་བྱས་ཡོད་པ་དང་། བལ་ཡུལ་ཆིག་སྒྲིལ་སྒེར་གཉེར་སློབ་གྲྭའི་ (United School) སློབ་སྤྱི་ཀུལ་ཌེབ་ནོ་པན་ (Kuldip Neupane) ཞེས་པ་ཞིག་གིས།  ལོ་གཉིས་ཙམ་གྱི་སྔོན་ནས་བཟུང་རྒྱ་ནག་གཞུང་ཚབ་ཁང་ནས་རྒྱ་ཡིག་དགེ་རྒན་གྱི་ཟླ་ཕོགས་སྤྲོད་རྒྱུའི་ཁས་ལེན་བྱས་ཏེ་སློབ་གྲྭ་ཁག་ནང་རྒྱ་ཡིག་སློབ་ཚན་གཏན་འབེབ་བྱས་ཡོད་པ་དང་། སློབ་གྲྭའི་ངོས་ནས་རྒྱ་ཡིག་དགེ་རྒན་ལ་ཟས་དང་སྡོད་ཁང་ཆེད་ཕོགས་སྣོན་ཙམ་ལས་སྤྲོད་དགོས་ཀྱི་མེད་སྐོར་བརྗོད་འདུག

གནས་ཚུལ་དེའི་ནང་བཀོད་པ་ལྟར་ན། སློབ་གྲྭ་དེ་དག་གིས་སློབ་མའི་ཕ་མ་ཚོར་བློ་འདྲི་ཙམ་ཡང་མ་བྱས་པར་རྒྱ་ཡིག་འཛིན་གྲྭ་ངེས་པར་དུ་ལེན་དགོས་པ་གཏན་འབེབ་བྱས་ཡོད་ཀྱང་།  རྒྱལ་སྤྱིའི་མའེ་རི་ཌན་སློབ་གྲྭ་ (Meridian International) གཅིག་པུས་ཕ་མ་དང་དགེ་རྒན་གྱི་ཚོགས་འདུག་ཞིག་བསྐོངས་ཏེ། རྒྱ་ཡིག་འཛིན་གྲྭ་གཏན་འབེབ་དགོས་མིན་ཐད་གྲོས་བསྡུར་བྱས་རྗེས། སློབ་མའི་འདོད་མོས་བཞིན་རྒྱ་ཡིག་འཛིན་གྲྭ་ལེན་པ་ལས་རྒྱ་ཡིག་འཛིན་གྲྭ་ངེས་པར་དུ་ལེན་དགོས་ཀྱི་མེད་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་འདུག

བལ་ཡུལ་གྱི་བསླབ་གཞི་ཡར་རྒྱས་ལྟེ་གནས་ཁང་གི་འབྲེལ་མཐུད་པ་གྷཱ་ནེ་ཤི་པར་སི་ཌི་བྷཱ་དྷཱ་རེ་ (Ganesh Prasad Bhattarai) ཞེས་པས། སློབ་གྲྭ་ཁག་གིས་ཕྱིའི་སྐད་ཡིག་སློབ་འཁྲིད་བྱས་ན་འགྲིག་ཀྱང་། འཛིན་གྲྭ་ངེས་པར་དུ་ལེན་དགོས་པ་བཟོས་ན་མི་འགྲིག་པ་དང་། གལ་སྲིད་བསླབ་གཞི་ཞིག་ངེས་པར་དུ་སྦྱང་དགོས་པའི་གཏན་འབེབ་བྱ་དགོས་ཚེ། དེའི་ཐག་གཅོད་ནི་ང་ཚོས་བྱེད་པ་ལས་སློབ་གྲྭས་བྱེད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་འདུག

དེ་བཞིན་བལ་ཡུལ་རྒྱལ་ཡོངས་ཀྱི་སྒེར་གཉེར་སློབ་གྲྭ་ཁག་ལ་ལྟ་རྟོག་བྱེད་མཁན་སྒེར་གཉེར་དང་གཏན་སློབ་ཚོགས་པའི་ (Private and Boarding Schools’ Organisation Nepal) དྲུང་ཆེ་ཀུ་མར་གྷི་མེར་ (Kumar Ghimire) ཞེས་པ་ཞིག་གིས། སྒེར་གཉེར་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་འཛིན་གྲྭ་ངེས་པར་དུ་ལེན་དགོས་པ་གཏན་འབེབ་བྱས་པའི་སྐོར་ལ་ཤེས་རྟོགས་མེད་པ་དང་། ཐག་གཅོད་དེ་ནི་ཁྲིམས་འགལ་ཞིག་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ནང་དུའང་ཕྱི་ལོ་ ༢༠༠༠ ལོ་ནས་རྒྱ་སྒོར་དུང་ཕྱུར་ ༡༤ ལྷག་་གཡར་ཏེ། ཟམ་པ་དང་གཞུང་ལམ། ཆུ་མཛོད་དང་གནམ་ཐང་སོགས་འཛུགས་སྐྲུན་རྒྱ་ཆེན་བྱེད་བཞིན་ཡོད་པ་དང་། གླིང་ཕྲན་དེའི་ནང་རྒྱ་ནག་དང་ཚོང་འབྲེལ་གྱི་དགོས་མཁོར་བལྟས་ཏེ་ཕྱི་ལོ་ ༢༠༠༥ ལོར་ནའེ་རོ་པེ་སློབ་ཆེན་ (University of Nairobi) གྱི་ནང་། ཐེངས་དང་པོར་རྒྱ་ནག་གི་ཁུང་ཙི་རིག་གཞུང་ལྟེ་གནས་ཁང་བཙུགས་པ་ནས་བཟུང་ད་བར་ལྟེ་གནས་ཁང་གྲངས་ ༤༨ ཙམ་ཆེད་འཛུགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ཡིག་དགེ་རྒན་གྱི་ཟླ་ཕོགས་དང་སྡོད་གནས། དགེ་རྒན་འོས་སྦྱོང་སོགས་ཀྱི་འགྲོ་གྲོན་རྣམས་བཏང་སྟེ། སློབ་གྲྭ་ཁག་གི་ནང་རྒྱ་ཡིག་སློབ་འཁྲིད་བྱེད་ཀྱི་ཡོད་འདུག་ལ། གླིང་ཕྲན་དེར་ཡར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ལྷོ་ཨ་ཧྥིེརི་ཁའི་ནང་ཕྱི་ལོ་ ༢༠༡༤ ལོར་གཞུང་འབྲེལ་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་གི་སློབ་ཚན་འདེམས་གསེས་ཐོག་སློབ་སྦྱོང་བྱས་ཆོག་པ་བཟོས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་ཧྥེ་རི་ཁའི་ཤར་ཕྱོགས་རྒྱལ་ཁབ་ཡུ་གྷན་ཌཱ (Uganda) གཞུང་གིས་མཐོ་རིམ་སློབ་གྲྭ་ཁག་གི་ནང་ངེས་པར་དུ་རྒྱ་ཡིག་སྦྱང་དགོས་པ་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཁེན་ཡ་ (Kenya) གཞུང་ངོས་ནས་ཕྱི་ལོ་ ༢༠༢༠ ལོ་ནས་གཞི་རིམ་སློབ་གྲྭ་ཁག་གི་ནང་རྒྱ་ཡིག་སློབ་ཚན་འདེམས་གསེས་བྱས་ཆོག་པ་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༨

Leave a Reply