གྷོ་གྷལ་གྱི་ལས་གཞིར་བསྐྱར་དུ་ངོ་རྒོལ་བྱས།

འཛམ་གླིང་གི་གྲོང་ཁྱེར་ ༡༥ ལྷག་ནང་གི་གྷོ་གྷལ་ལས་ཁུངས་སུ་ཞུ་ཡིག་ཕུལ་ཏེ་གྷོ་གྷལ་གྱིས་རྒྱ་ནག་དང་མཉམ་དུ་འབུ་བླ་མ་མ་ནིའི་ལས་གཞི་མཚམས་འཇོག་དགོས་པའི་རེ་འདུན་འདོན་གྱི་འདུགདེ་རིང་ཨ་རིའི་གྲོང་ཁྱེར་ཁ་ལི་ཧྥོ་ནེ་ཡའི་ནང་རྒྱལ་སྤྱིའི་དྲ་ལམ་འཚོལ་ཞིབ་མ་ལག་ཆེ་ཤོས་གྷོ་གྷལ་གྱི་རྒྱབ་ཏུ་མ་རྐང་འཇོག་མཁན་ཚོའི་ཚོགས་འདུ་ཚོགས་བཞིན་པ་དང་བསྟུན། བོད་པ་དང་ཡུ་གུར། རྒྱ་རིགས་སོགས་ཀྱི་ལས་འགུལ་བ་ཚོས། འཛམ་གླིང་གི་གྲོང་ཁྱེར་ ༡༥ ལྷག་ནང་གི་གྷོ་གྷལ་ལས་ཁུངས་ཀྱི་མདུན་དུ། གྷོ་གྷལ་ནས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་འབུ་བླ་མ་མ་ནིའི་(Dragonfly)ལས་གཞི་བརྩམས་པ་བརྒྱུད། རྒྱ་ནག་གི་དྲག་གནོད་སྲིད་ཇུས་འོག་ཡུ་གུར་གཙོས་ཁ་ཆེ་བ་དང་། དམངས་གཙོ་དང་རང་དབང་ལ་དུང་བའི་རྒྱ་རིགས། དེ་བཞིན། རང་དབང་རྩོད་བཞིན་པའི་བོད་མི་མང་པོ་ཞིག་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྡི་ལིའི་ས་གནས་ཚོགས་གཙོ་རྟ་མགྲིན་དབང་རྒྱལ་ལགས་སུ་ལས་འགུལ་འདིའི་སྐོར་ལ་སྐད་ཆ་དྲིས་པར་ཁོས། ལས་འགུལ་འདི་སྤེལ་དགོས་དོན་ནི་གྷོ་གྷལ་གྱིས་ཆེད་དུ་རྒྱ་ནག་ལ་འབུ་བླ་མ་མ་ནི་ཞེས་པའི་འཚོལ་ཞིབ་མ་ལག་ཅིག་བཟོ་ཡི་ཡོད་པ་དེ་མཚམས་འཇོག་བྱེད་ཆེད་ཡིན། གལ་སྲིད་གྷོ་གྷལ་གྱིས་འབུ་བླ་མ་མ་ནི་བཟོས་ཏེ་རྒྱ་ནག་གི་ཁྲོམ་རའི་ནང་ཁྱབ་པ་ཡིན་ན། དེས་བོད་མི་ཙམ་མ་ཟད། ཡུ་གུར་བ་དང་རྒྱ་རིགས་སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་དང་། རང་དབང་རྩོད་ལེན་སོགས་ཀྱི་གནས་ཚུལ་ཆ་ཚང་བཀག་སྡོམ་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་གྷོ་གྷལ་ལ་འབུ་བླ་མ་མ་ནིའི་ལས་གཞི་གང་མགྱོགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།ཡང་ཁོང་ལ་ཐེངས་འདིར་ལས་འགུལ་སྤེལ་ཕྱོགས་ག་འདྲ་ཡིན་དྲིས་པར་ཁོས། གྷོ་གྷལ་གྱི་རྩ་བའི་ལངས་ཕྱོགས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། རང་དབང་གནས་ཚུལ་བགོས་འགྲེམས་སོགས་ཀྱི་སྲིད་ཇུས་ཡོད་པས། གལ་སྲིད་གྷོ་གྷལ་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་པ་ཡིན་ན། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་ཀྱི་ཡོད་པ་རེད། དེར་བརྟེན། དེ་རིང་ང་ཚོ་འདིར་གྷོལ་གྷ་ཡི་གྷོ་གྷལ་ལས་ཁུངས་མདུན་དུ་འཛོམས་ཏེ། གཙོ་བོ་མང་ཚོགས་ནང་འབུ་བླ་མ་མ་ནིའི་ལས་གཞིའི་སྐོར་ལ་གོ་རྟོགས་ཡོང་ཐབས་ཀྱི་ཡིག་ཆ་འགྲེམས་སྤེལ་དང་གྷོ་གྷལ་ལས་ཁུངས་ལ་འབུ་བླ་མ་མ་ནིའི་ལས་གཞི་མཚམས་འཇོག་གི་ཞུ་གཏུགས་ཕུལ་བཞིན་ཡོད། ཅེས་བརྗོད་བྱུང་།

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་མོན་བྷེ་གྲོང་ཁྱེར་གྱི་འབྲེལ་མཐུད་པ་འཕྲིན་ལས་ཆོས་སྒྲོན་ལགས་སུ་སྐད་ཆ་དྲིས་སྐབས། གྷོ་གྷལ་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གི་རྩ་ཁྲིམས་འོག་འདུག་མ་ཐུབ་པར་རྒྱ་ནག་ནས་ཕྱིར་འཐོན་ཡོད་ཀྱང་། ད་ལྟ་གྷོ་གྷལ་གྱིས་ལས་འཆར་གསར་པ་ཞིག་བཟོས་ཏེ་རྒྱ་ནག་ནང་འགྲོ་རྩིས་བྱེད་བཞིན་ཡོད་པ་རེད། འབུ་བླ་མ་མ་ནིའི་ལས་གཞིའི་འོག བོད་དང་བོད་མི་ལ་འབྲེལ་བའི་གནས་ཚུལ་དང་། རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན། ཡུ་གུར་བའི་དོན་རྐྱེན་སོགས་རྒྱ་ནག་ལ་ཚོར་བ་ཆེ་བའི་གནད་དོན་ཚང་མ་གཙང་འགོག་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོས་གྷོ་གྷལ་ལ་ཞུ་ཡིག་ཕུལ་ཏེ་ལས་གཞི་འདི་མཚམས་འཇོག་དགོས་པའི་ཞུ་གཏུགས་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།ཐེངས་འདིའི་འགུལ་ནང་འཛམ་གླིང་གི་གྲོང་ཁྱེར་ཁག་ ༡༥ ལྷག་ནང་རྒྱ་ནག་གི་དབང་སྒྱུར་དང་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་ཚོགས་སྡེ་ཁག་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པའི་ཁྲོད། བོད་རང་དབང་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ཚོགས་པ། དེ་བཞིན། བོད་དོན་ལས་འགུལ་ཁང་། འཛམ་གླིང་ཡུ་གུར་གྲོས་ཚོགས་ཚོགས་པ་དང་འཛད་སྤྱོད་ཚོགས་པ། གཞན་ཡང་རྒྱ་རིགས་དང་བོད་པ། ཡུ་གུར་བ་བཅས་ཀྱི་ལས་འགུལ་བ་སོགས་ཡོད་པ་དང་། ལས་འགུལ་སྐབས་ཁོ་ཚོའི་ཞུ་ཡིག་ནང་། གྷོ་གྷལ་གྱིས་འབུ་བླ་མ་མ་ནི་ཟེར་བའི་མཉེན་ཆས་གསར་པ་ཞིག་བཟོས་ཏེ། རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་བཞིན་ཡོད་པ་རེད། གྷོ་གྷལ་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་པར་ངེས་པར་དུ་རྒྱ་ནག་གི་བཀག་སྡོམ་ཆེ་བའི་དྲ་རྒྱའི་ཁྲིམས་དང་བསྟུན་དགོས་ཀྱི་ཡོད། ང་ཚོས་གྷོ་གྷལ་གྱིས་རྒྱལ་ཁབ་གཞན་ལ་འཚོལ་ཞིབ་མ་ལག་གི་ཞབས་ཞུ་སྒྲུབ་པར་དགག་བྱ་དང་ཁ་གཏད་གང་ཡང་གཅོག་གི་མེད། འོན་ཀྱང་། གཞི་རྩའི་ཀུན་སྦྱོད་ཀྱི་ཐོག་ནས་རྒྱ་ནག་ནང་ཡོད་པའི་བཟོ་ཚོང་དག་ལ་དགག་བྱ་འདོན་གྱི་ཡོད། རྒྱུ་མཚན་ནི་ཁོ་ཚོས་དྲག་གནོན་ཆེ་བའི་སྲིད་གཞུང་ཞིག་གི་ཁྲིམས་བརྩི་འཇོག་བྱེད་ཀྱི་ཡོད་པས་ཡིན། དེར་བརྟེན། གྷོ་གྷལ་གྱིས་འབྲེལ་ཡོད་ལས་བྱེད་ཚོས་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར། གྷོ་གྷལ་གྱི་འབུ་བླ་མ་མ་ནིའི་མཉེན་ཆས་ཀྱིས་རྒྱ་ནག་གི་དྲ་རྒྱའི་ལྕགས་རི་ཆེན་མོའི་སྒྲིག་ཁྲིམས་འོག་བཀག་སྡོམ་བྱས་པའི་གནས་ཚུལ་ཁག་དང་། ད་དུང་མཉེན་ཆས་གསར་པ་དེས་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་རང་དབང་འཐབ་རྩོད། དེ་བཞིན། ནོར་བྷེལ་ཞི་བདེ་གཟེངས་རྟགས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་བཀག་སྡོམ་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ལས་འགུལ་འདིར་ཕྱི་ལོ་ ༢༠༡༨ ཟླ་ ༨ ནང་ཐོག་མར་མགོ་བཙུགས་ཏེ། ད་རེས་རྩིས་པའི་ལས་འགུལ་ཁྱོན་ཐེངས་ ༥ རིང་སྤེལ་ཡོད་པ་དང་། ཁོ་ཚོས་ལས་འགུལ་ཁྲོད་གྷོ་གྷལ་གྱི་འབུ་བླ་མ་མ་ནིའི་ལས་གཞིར་ངོ་རྒོལ་བྱེད་པར་འཛམ་གླིང་རྒྱལ་ཁབ་གང་སར་ཡོད་པའི་གྷོ་གྷལ་གྱི་ལས་ཁུངས་སོགས་སུ་སྙན་ཞུ་ཕུལ་ཏེ། གྷོ་གྷལ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་བཞིན་པར་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༡༩

Leave a Reply