རྒྱ་གར་གྱི་དྭ་ཕྲུག་ཚོར་རོགས་རམ་མཉམ་ལས་བྱེད་འདོད་ཡོད་ཁུལ་བརྗོད་དེ་བོད་ཀྱི་དགེ་འདུན་པ་ཞིག་གི་ལག་ནས་ཧིན་སྒོར་བྱེ་བ་ ༡.༩༧ ཡས་མས་གཡོ་ལེན་བྱས་ཡོད་འདུགདེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དགོན་པའི་ཚན་རིག་དང་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ལས་གཉེར་གནང་བཞིན་པའི་དགེ་འདུན་པ་ཞིག་ལ། ངོ་དེབ་ཀྱི་མིང་རོ་ལན་ཌི་མེ་ཁལ(Roland Michael)ཟེར་བའི་ཨ་རི་ནས་ཡིན་ལུགས་ཀྱི་བུད་མེད་ཅིག་དང་། མིང་ལ་ཝེ་ལམ་རྗོན་སན(William Johnson)ཟེར་མཁན་སྐྱེས་པ་ཞིག་གིས། རྒྱ་གར་ནང་དྭ་ཕྲུག་ལ་རོགས་སྐྱོར་གྱི་ལས་ཀར་མཉམ་འབྲེལ་བྱེད་འདོད་ཡོད་ཚུལ་བརྗོད་དེ། དགེ་འདུན་པ་དེའི་ལག་ནས་ཁྱོན་ཧིན་སྒོར་བྱེ་བ་ ༡.༩༧ ཡས་མས་གཡོ་ལེན་བྱས་རྗེས་གཏན་དུ་འབྲེལ་བ་བཅད་ཡོད་འདུག
འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཁོང་གི་འབྲེལ་ཡོད་ཅིག་ལ་གནས་ཚུལ་དེ་ག་འདྲ་བྱུང་ཡོད་མེད་དྲིས་པར། ད་ལྟའི་ཆར་རྒན་ལགས་ཁོང་ལ་འབྲེལ་བ་བྱས་ན་བདེ་བོ་མེད་པ་དང་སྤྱིར་གསར་ལམ་ཁག་ལ་གནས་ཚུལ་དེའི་སྐོར་བཤད་ཀྱི་མེད་ན་ཡང་། གནས་ཚུལ་དེ་རྒན་ལགས་ཀྱིས་ཉེན་རྟོག་པར་ཞུ་གཏུག་བྱས་རྗེས། ཉེན་རྟོག་པས་རྒྱ་གར་གྱི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་བྱུང་།
རྒྱ་གར་གསར་ལམ་གྱི་གནས་ཚུལ་དེའི་ནང་། དགེ་འདུན་པ་དེས་ཕྱི་ལོ་ ༢༠༡༧ ལོ་ནས་ངོ་དེབ་བེད་སྤྱོད་གཏོང་མགོ་བཙུགས་ཡོད་པ་དང་། ངོ་དེབ་སྒོ་ཕྱེ་ནས་ཟླ་བ་གཅིག་ཙམ་ལས་མ་སོང་བར་ཨ་རི་ནས་ཡིན་ཟེར་བའི་བུད་མེད་ཅིག་གིས་ཁོང་དང་འབྲེལ་བ་བྱས་ཏེ། མོའི་མིང་ལ་རོ་ལན་ཌི་མེ་ཁལ་ཡིན་པ་དང་ཨ་རིའི་མི་སེར་ཡིན་ལ། མོ་ཆུང་དུས་ནས་དྭ་ཕྲུག་ཏུ་གྱུར་ཡོད་པ་དང་། ད་ལྟ་རྒྱ་གར་ནང་གི་དྭ་ཕྲུག་ཚོར་རོགས་པ་བྱེད་འདོད་ཡོད་སྐོར་སོགས་བརྗོད་ཡོད་པ་མ་ཟད། ཝ་ཚི་ཨབ(WhatsApp)བརྒྱུད་ནས་མོ་རང་དམག་མི་ཞིག་ཀྱང་ཡིན་ལུགས་བརྗོད་དེ་ངོ་སྤྲོད་དཔང་ཡིག་དང་པར་སོགས་སྤྲད་ཡོད་སྐོར་བྲིས་འདུག
དེའི་རྗེས་བུད་མེད་དེས་དགེ་འདུན་པ་དེའི་རོགས་རམ་འོག་མོ་རང་རྒྱ་གར་ནང་ཡོང་ནས་གནས་སྡོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། མོ་རང་ཨ་རི་ནས་མ་ཡོང་གོང་ལ་དྭ་ཕྲུག་གི་རོགས་སྐྱོར་ཆེད་ཧིན་སྒོར་བྱེ་བ་ ༡༧(ཨ་སྒོར་ས་ཡ་ ༢.༥) དགེ་འདུན་པ་དེར་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དགེ་འདུན་པ་དེས་ཀྱང་སྒོར་མོ་དེ་ལེན་རོགས་བྱ་རྒྱུ་དྭང་ལེན་བྱས་ཡོད་འདུག ཡིན་ནའང་། ཕྱིས་སུ་བུད་མེད་དེས་མོ་རང་རྒྱ་གར་ནང་མ་ཡོང་སྔོན་ལ་མོའི་གྲོགས་པོ་ཞིག་རྒྱ་གར་ནང་ཡོང་གི་ཡོད་པས། མོ་རང་མ་བསླེབ་བར་དུ་མི་དེས་རོགས་རམ་བྱ་རྒྱུ་ཡིན་སྐོར་བརྗོད་དེ། ཝེ་ལམ་རྗོན་སན་ཟེར་བའི་མི་ཞིག་ངོ་སྤྲོད་དང་འབྲེལ་ཁོའི་ཁ་པར་ཨང་གྲངས་སོགས་སྤྲད་ཡོད་འདུག
ཕྱིས་སུ་དགེ་འདུན་པ་དེས་སྐྱེས་པ་དེར་འབྲེལ་བ་བྱེད་སྐབས་ཁོས་ཡིན་མདོག་མདོག་གིས། ཁོ་རང་དེར་ཡོང་བར་སྒོ་ཁྲལ་(Custom clearance)དང་ཡོང་འབབ་ཁྲལ(Income tax)། དེ་བཞིན་ཉེན་རྟོག་པར་བདེན་དཔང་ར་སྤྲོད་དང་གནས་སྤོར་སོགས་དང་འབྲེལ་བའི་སྒོར་མོ་སྤྲོད་པར་སྔ་འདོན་དགོས་སྐོར་བརྗོད་དེ་དངུལ་བྱང་ཁག་ཅིག་སྤྲད་པ་ལྟར། དགེ་འདུན་པ་དེས་ཡིད་ཆེས་བྱས་ཏེ་ཁྱོན་ཧིན་སྒོར་བྱེ་བ་ ༡.༩༧ ཡས་མས་བསྐུར་རྗེས་གོ་མེད་ཚོར་མེད་དུ་གྱུར་བ་མ་ཟད། བུད་མེད་དེས་ངོ་དེབ་ནས་ཀྱང་འབྲེལ་བ་གཏན་དུ་བཅད་ཡོད་འདུག
ཡང་གསར་ཁང་གཞན་རེའི་ནང་བུད་མེད་དེས་དྭ་ཕྲུག་ཆེད་རོགས་དངུལ་བསྡུ་རུབ་བྱེད་བཞིན་ཡོད་ལུགས་བརྗོད་ཡོད་སྟབས། དགེ་འདུན་པ་དེས་རོགས་རམ་ཆེད་དངུལ་དེ་རྣམས་བསྐུར་ཡོད་པ་དང་། ད་དུང་བུད་མེད་དེས་མོས་རྒྱ་གར་ནང་བཏང་ཟིན་པའི་རོགས་དངུལ་ཨ་སྒོར་ས་ཡ་ ༢.༥ དེ་སྤྱོད་པར་ཧིན་སྒོར་བྱེ་བ་ ༡༧.༤༥ དགོས་སྐོར་བརྗོད་ཡོད་པ་དང་། དགེ་འདུན་པ་དེའི་ལག་ནས་ཁྱོན་ཧིན་སྒོར་བྱེ་བ་ ༡.༨༠ མ་ཟིན་ཞིག་གཡོ་ལེན་བྱས་ཡོད་པ་སོགས་བཀོད་འདུག་ལ། གཡོ་ལེན་བྱས་པའི་ཧིན་སྒོར་རྣམས་ནི་དགེ་འདུན་པ་ཁོ་རང་གིས་བསགས་པའི་ཧིན་སྒོར་འབུམ་ ༡༥ དང་དེ་མིན་རྣམས་དགེ་འདུན་པ་གཞན་ནས་གཡར་བ་ཡིན་སྐོར་བརྗོད་འདུག
ཉེན་རྟོག་ཁང་གིས་དགེ་འདུན་པ་དེའི་དངུལ་ཧ་ཅང་འབོར་ཆེན་པོ་ཡིན་པས་ཀར་ཝར་ཉེས་དོན་ཞིབ་དཔྱོད་ཁང་(Karwar criminal Investigation department )ལ་རྩིས་སྤྲོད་བྱས་ཡོད་པ་དང་། གནད་དོན་དེ་རྒྱུ་དངོས་འཕྲོག་བཅོམ་དང་། མྱོས་རྫས་ཁྲིམས་འགལ(CEN)རིགས་ཀྱི་ཉེས་ཁྲིམས་འོག་ཐོ་འགོད་བྱས་ཡོད་འདུག
འདི་གའི་གསར་འགོད་པས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་སུ། དེང་སང་མི་མང་པོ་ཞིག་ལ་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་གཞན་གྱིས་དངུལ་སོགས་གཡོ་ལེན་ཀྱི་གནས་ཚུལ་མང་པོ་བྱུང་བཞིན་པ་དེ་ག་འདྲ་ཡོང་གི་ཡོད་སྐོར་དྲིས་པར་ཁོང་གིས། སྤྱིར་དྲ་ལམ་བརྒྱུད་ནས་མི་ལ་མགོ་སྐོར་གཏོང་མཁན་གྱི་རིགས་དེ་སྔོན་ནས་མང་པོ་ཡོད་པ་དང་། སྔོན་ཆད་ཡིན་ན་གློག་འཕྲིན་བརྒྱུད་ངོ་མི་ཤེས་པའི་འབྲེལ་བ་བྱེད་མཁན་མང་པོ་ཡོད་ན་ཡང་། དེང་སང་གློག་འཕྲིན་རིགས་བེད་སྤྱོད་ཉུང་རུ་ཕྱིན་པ་དང་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་འབྲེལ་བ་བྱེད་བཞིན་ཡོད་པ་རེད། དེ་དག་གིས་དང་པོ་ངོ་དེབ་སོགས་སྤྱི་ཚོགས་དྲ་རྒྱ་ཁག་ནས་འབྲེལ་བ་བྱས་རྗེས་ཁྱོད་ཀྱིས་སྤྱི་ཚོགས་དྲ་ལམ་ལ་གནས་ཚུལ་ག་རེ་གཏོང་གི་ཡོད་པ་དང་། ཁྱོད་རང་ཆབ་སྲིད་སོགས་རིགས་གང་ཞིག་ལ་དགའ་མོས་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཅུང་ཙམ་ཤེས་རྗེས། དེ་དང་འབྲེལ་ནས་ཁྱོད་ལ་གནས་ཚུལ་དེའི་རིགས་གཏོང་བ་དང་ཁོ་རང་ཡང་ལས་དོན་དེ་དང་དགའ་བོ་ཡོད་ཚུལ་གྱི་རྣམ་པ་སྟོན་ཐབས་དང་། ཁྱོད་དང་ལས་ཀ་མཉམ་ལས་བྱེད་འདོད་ཡོད་པ་སོགས་འབྲེལ་བ་འཛུགས་གང་ཐུབ་དང་། ངོ་ཤེས་ཅུང་ཙམ་ཆགས་རྗེས་ཐབས་ཤེས་གཞན་བརྒྱུད་ནས་དངུལ་ལེན་ཐབས་བྱེད་བཞིན་ཡོད་པ་རེད། དངུལ་ལེན་ཐབས་སྐོར་ལ་མི་དེ་དག་གིས་ཁོ་ལ་དངུལ་འབོར་ཆེན་ཞིག་ཡོད་ན་ཡང་ད་ལྟའི་ཆར་ལེན་ཐུབ་གྱི་མེད་པས་དངུལ་གཡར་ཐུབ་མིན་དང་། ཁྱེད་རང་གིས་ཐེངས་འདིར་ང་ལ་རོགས་པ་བྱས་སོང་ན་རྗེས་མ་ཁོས་དེ་ལས་མང་པ་རོགས་པ་བྱེད་ཐུབ་སྐོར་སོགས་དངུལ་གྱི་ཐད་ནས་མང་པོ་བཤད་ནས་ཐབས་ཤེས་འདྲ་མིན་གྱིས་བསླུ་ཐབས་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།
དྲ་ལམ་བརྒྱུད་མགོ་སྐོར་བསླུ་ཐབས་བྱེད་མཁན་ཚོར་བརྟག་ཐབས་དང་བཀག་འགོག་བྱེད་ཐབས་ག་འདྲ་ཡོད་མེད་དྲིས་པར་ཁོང་གིས། མ་གཞི་སྤྱི་ཚོགས་བརྒྱུད་ལམ་ནས་འབྲེལ་བ་དེ་འདྲ་བྱེད་མཁན་རིགས་ལ་ཡིད་གཟབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ངོ་མི་ཤེས་པའི་མི་ཞིག་ལ་སྤྱིར་ན་དངུལ་གཏོང་རྒྱུ་མེད་པ་ཤེས་དགོས་ལ། ནམ་རྒྱུན་མི་ཞིག་གིས་ངོ་མི་ཤེས་པའི་མི་ཞིག་ལ་དངུལ་ཁྱོན་ནས་མི་སྤྲོད་པ་ལྟར་སྤྱི་ཚོགས་དྲ་ལམ་ནས་ངོ་མི་ཤེས་མཁན་ཞིག་ལ་དངུལ་སྤྲོད་རྒྱུ་ཡོད་པ་མ་རེད། སྤྱིར་ན་གཡོ་ཐབས་བྱེད་མཁན་རིགས་ཀྱིས་དྲ་གྲོགས་སྟོང་ཕྲག་མང་པོར་དེ་འདྲ་གཏོང་བཞིན་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཡ་ལན་བྱེད་མཁན་ཚོར་ཐབས་ཤེས་འདྲ་མིན་བརྒྱུད་དངུལ་གཡོ་ལེན་བྱེད་བཞིན་ཡོད་ཀྱང་། དྲ་རྒྱ་རང་གི་ལམ་ནས་དེ་དག་ལ་བཀག་འགོག་བྱེད་ཐབས་དམིགས་བསལ་གང་ཡང་ཡོད་པ་མ་རེད། གཙོ་བོ་རང་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་འབྲེལ་བ་བྱེད་མཁན་ཚོར་ཡིད་གཟབ་དགོས་རྒྱུ་དང་སོ་སོས་ངོ་མི་ཤེས་པ་ཞིག་ལ་སྤྱི་ཚོགས་དྲ་ལམ་ནས་འབྲེལ་བ་ཆེན་པོ་བཙུགས་ཏེ་དངུལ་སོགས་མ་གཏང་ན། ཁོ་ཚོར་དངུལ་ལས་དོན་དག་གཞན་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག