གསར་འགོད་པ་ཡུ་གུར་བཀག་ཉར་ཁང་ཞིག་ཏུ་དངོས་སུ་ཕྱིན།

རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་བྷི་བྷི་སིའི་གསར་འགོད་པ་ཞིག་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་བཀག་ཉར་ཁང་ཞིག་ཏུ་དངོས་སུ་ཕྱིན་ནས་དེར་ཡོད་ཁ་ཆེ་བ་རྣམས་སྒྲིག་ཁྲིམས་དམ་པོའི་འོག་རང་དབང་མེད་པར་འཚོ་སྡོད་བྱེད་ཀྱི་ཡོད་པ་བརྗོད་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་བྷི་བྷི་སིའི་གསར་འགོད་པ་ཇོན་སུད་ཝོར་ཐི་ (John Sudworth) ལགས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་བཀག་ཉར་ཁང་ཞིག་ཏུ་དངོས་སུ་འགྲོ་རུ་བཅུག་ཡོད་པ་དང་། གསར་འགོད་པ་དེས་བཀག་ཉར་ཁང་གི་ལས་མི་དང་བཀག་ཉར་འོག་ཡོད་པའི་ཁ་ཆེ་བ་རེ་ཟུང་ལ་བཅར་འདྲི་བྱེད་སྐབས། བཀག་ཉར་ཁང་དེ་དག་ནི་ཆོས་ལུགས་དང་འབྲེལ་བའི་ཐལ་སྤྱོད་པས་སོ་སོའི་བསམ་བློར་ལེགས་བཅོས་གཏོང་ས་དང་ཉེས་སྐྱོན་མ་བཟོས་སྔོན་ལ་ལམ་སྟོན། དེ་བཞིན་གླུ་གཞས་སྒྱུ་རྩལ་དང་ལག་ཤེས་སྦྱོང་བརྡར་གྱི་ལྟེ་གནས་ཡིན་པའི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བྷི་བྷི་སི་གསར་ཁང་གིས་གསར་འགོད་པ་བཀག་ཉར་ཁང་དེར་དངོས་སུ་ཕྱིན་པའི་བརྙན་ཐུང་ཞིག་བརྒྱུད་ལམ་དུ་བསྒྲགས་པའི་ནང་། བཀག་སྐྱིལ་ཁང་གི་ལས་མི་མཱ་ཧེ་མུ་ཏི་ (Mahemuti) ཟེར་བ་ཞིག་གིས་གསར་འགོད་པར། ཆོས་ལུགས་དང་འབྲེལ་བའི་ཐལ་སྤྱོད་པའི་ཤུགས་རྐྱེན་ཐེབས་པ་ཚོ་ཤེས་ཡོན་སྦྱོང་བརྡར་ལྟེ་གནས་ཁང་ (Education Training Centre) འདིར་ཞུགས་ཀྱི་ཡོད་པ་དང་། འདིར་ཡོང་འདོད་མེད་པ་རྣམས་བཙན་དབང་གིས་འཇུག་གི་མེད་ལ། ཁོང་ཚོས་རང་གི་འདོད་མོས་བཞིན་རི་མོའི་སྒྱུ་རྩལ་སྦྱོང་རྒྱུ་བདམས་པ་རེད། དེ་མིན་ཁྲིམས་དང་རྒྱ་ཡིག ལག་ཤེས་གཞན་སྦྱོང་དུ་ཡོང་བ་རེད། བཙོན་ཁང་ཞིག་གི་ནང་རི་མོ་སྦྱོང་ས་ཞིག་མེད་པས་འདི་ནི་རི་མོ་སྦྱོང་བརྡར་ཁང་ཞིག་ཡིན་པ་ལས་བཙོན་ཁང་ཞིག་མ་རེད། ཅེས་བརྗོད་འདུགགསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱས་ཏེ་བརྗོད་པ་ལྟར་ན། བཀག་སྐྱིལ་ཁང་དེའི་ནང་ཡོད་པ་རྣམས་ན་ཚོད་ལོན་པའི་གཞོན་སྐྱེས་རྐྱང་རྐྱང་ཡིན་པ་དང་། ཚང་མས་སྒྲིག་ཆས་གྱོན་ཏེ། རི་མོ་དང་གླུ་གཞས། ཞབས་བྲོ་དང་རྒྱའི་སྐད་ཡིག་སོགས་སྦྱོང་གི་ཡོད་པ་དང་། སྡོད་ཁང་རེར་མི་གྲངས་ ༡༠ ཙམ་རེ་དང་གསང་སྤྱོད་གཅིག་ཡོད་པ་དང་། ཁོ་ཚོ་སུས་ཀྱང་རང་ཉིད་བཀག་སྐྱིལ་ཁང་དེའི་ནང་དུས་ཡུན་ཇི་ཙམ་སྡོད་དགོས་མིན་ཤེས་རྟོགས་མེད་པ་དང་། ཐ་ན་དུས་ནམ་ཞིག་ལ་ཕྱིར་ཕ་ཡུལ་དང་ཁྱིམ་ཚང་ལ་ལོག་ཆོག་མིན་ཡང་ཤེས་ཀྱི་མེད་འདུག་ལ། ལས་བྱེད་ཅིག་གིས་ལྟེ་གནས་ཁང་དུ་ཡོད་པ་རྣམས་བདུན་ཕྲག་གཅིག་ནང་ཆ་བགོས་ཀྱིས་ཞག་གཅིག་ལ་རང་ཁྱིམ་དུ་འགྲོ་བའི་གོ་སྐབས་སྤྲོད་ཀྱི་ཡོད་སྐོར་བརྗོད་ཡོད་ཀྱང་། བཤད་པ་ལྟར་དངོས་སུ་ལག་བསྟར་བྱས་མེད་སྐོར་འགྲེལ་བརྗོད་གནང་འདུག

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ཁུལ་དུ་རྩིག་གྱང་མཐོན་པོ་དང་དེའི་ཐོག་འཚེར་མ་ཅན་གྱི་ལྕགས་སྐུད་ཀྱིས་བསྐོར་ཞིང་། གྲུ་ཟུར་ཐམས་ཅད་བརྙན་མིག་དང་བྱ་རའི་ལྕོག་མཁར་ (Watchtower) ནང་ཉེན་རྟོག་མི་སྣས་ལྟ་སྲུང་ནན་མོ་བྱེད་པའི་བཀག་སྐྱིལ་ཁང་མང་པོ་ཆེད་འཛུགས་བྱས་ཡོད་པའི་གནས་ཚུལ་རིམ་པར་ཐོན་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་པའི་བཙོན་ཟུར་དང་གཉེན་འབྲེལ་སོགས་ཀྱིས་བཀག་ཉར་ཁང་དེ་དག་ནི་བསམ་བློ་བསྒྱུར་བཅོས་ར་བའམ་བཙོན་ཁང་ཞིག་ཡིན་པ་མ་ཟད། དེ་དག་གི་ནང་ཡུ་གུར་བ་ས་ཡ་ ༡ ལྷག་བཙོན་འཇུག་བྱས་ཏེ་མནར་གཅོད་གཏོང་གི་ཡོད་སྐོར་བརྗོད་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་དང་ཐོག་ཤར་ཏུར་ཀི་སི་ཐན་དུ་དེ་ལྟ་བུའི་ལྟེ་གནས་ཤིག་རྩ་བ་ཉིད་ནས་མེད་ཚུལ་བརྗོད་ཡོད་པ་དང་། རིམ་པས་དེའི་སྐོར་གྱི་གནས་ཚུལ་མང་པོ་ཕྱིར་བསྒྲགས་བྱུང་བ་དང་བསྟུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ལྟེ་གནས་དེ་དག་ནི་ཤེས་ཡོན་སྦྱོང་བརྡར་ལྟེ་གནས་ཁང་ཡིན་པ་ལས་བཙོན་ཁང་མིན་སྐོར་བསྒྲགས་ཡོད་པ་རེད།དེང་སྐབས་ཁ་ཛག་སི་ཐན་ (Kazakhstan) གྱི་ནང་ཡོད་པའི་རྒྱ་ནག་གི་བཀག་སྐྱིལ་ཁང་ཞིག་གི་བཙོན་ཟུར་རཱ་ཁི་མཱ སེན་བྷེ་ (Rakhima Senbay) ལགས་ཀྱིས་གསར་འགོད་པར། མོས་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་པའི་སྤྱི་ཚོགས་དྲ་ལམ་མཉེན་ཆས་ (Whatsapp) རང་ཉིད་ཀྱི་ཁ་པར་ནང་ཕབ་ལེན་བྱས་པ་ལ་བརྟེན་ནས་ལོ་ ༡ ལྷག་བཙོན་འཇུག་བྱས་པ་དང་། བདུན་གཅིག་རིང་རྐང་པ་གཉིས་ལ་ལྕགས་སྒྲོག་བརྒྱབས་ཏེ་མཚམས་རེར་གཅར་རྡུང་ཡང་བྱས་ཡོད་པ་དང་། ཐེངས་ཤིག་གློག་དབྱུག་ (Electrical Baton) གིས་གཞུས་པ་སོགས་བརྗོད་ཡོད་པ་རེད།

ཡང་གསར་འགོད་པས་བུད་མེད་དེར་རྒྱ་ནག་གཞུང་གིས་ཕྱིའི་འཛམ་གླིང་ལ་བཀག་སྐྱིལ་ཁང་དེ་དག་སློབ་གྲྭ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་ཐད་ལ་བསམ་ཚུལ་གང་ཡོད་དྲིས་པར་མོས་མིག་ཆུ་འདོན་ཞོར། ང་རང་བཀག་སྐྱིལ་ཁང་ནང་དངོས་སུ་བསྡད་མྱོང་། ཁོ་ཚོས་ཕྱི་མི་ཞིག་བཀག་སྐྱིལ་ཁང་དུ་མ་ཡོང་གོང་ནས་ང་ཚོར་གནས་ཚུལ་ཅི་ཡང་བཤད་མི་ཆོག་ཅེས་བརྗོད་ཀྱི་ཡོད་པ་དང་། གལ་ཏེ་མི་གཞན་ལ་བཀག་སྐྱིལ་ཁང་སྐོར་གྱི་གནས་ཚུལ་བཤད་ཚེ་དེ་ལས་སྡུག་པའི་ས་ཆར་གཏོང་གི་ཡིན་ཞེས་ཉེན་བརྡ་གཏོང་གི་ཡོད་སྟབས། དེའི་ནང་གི་མི་ཚང་མ་འཇིགས་སྣང་སྐྱེས་ཏེ་གཞན་ལ་བཤད་ཐུབ་ཀྱི་མེད་ལ། ཁོང་ཚོས་གཞས་དང་ཞབས་བྲོ་འཁྲབ་དགོས་པའི་བཀག་བཏང་བ་ལྟར་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུགགསར་འགོད་པ་ཇོན་སུད་ཝོར་ཐི་ (John Sudworth) ལགས་ཀྱིས། གལ་སྲིད་ང་ཚོ་བསྐྱོད་སའི་ལྟེ་གནས་ཁང་དེ་འགྲེམས་སྟོན་ཆེད་དུ་ཡིན་ཚེ། ང་ཚོ་བཏང་མེད་པའི་ལྟེ་གནས་ཁང་དེ་ཚོ་གང་འདྲ་ཞིག་ཡིན་ནམ། དེ་ནི་སློབ་གྲྭ་ཞིག་དང་ཡེ་ནས་མི་འདྲ་བ་མ་ཟད། ང་ཚོར་གནས་ཚུལ་རྒྱུས་ལོན་ཆེད་རམ་འདེགས་ཀྱང་བྱེད་ཀྱི་མི་འདུག ཅེས་བརྗོད་འདུག་ལ། འབྲེལ་ཡོད་ལས་བྱེད་གསར་འགོད་པ་ག་བར་ཕྱིན་ན་དེར་ཡོང་ནས་ལྟ་རྟོག་བྱས་ཡོད་པ་མ་ཟད། དེ་སྔོན་འཁོར་སྐར་པར་རིས་ (Satellite Image) ནས་མཐོང་བའི་བྱ་རའི་ལྕོག་མཁར་དང་། ལྕགས་སྐུད་འཚེར་མ་མང་པོ་ཞིག་གསར་འགོད་པ་ཡུལ་དངོས་སུ་འབྱོར་སྐབས་མཐོང་སར་མེད་པ་བཟོས་ཡོད་པ་མ་ཟད། དེ་སྔོན་ཐང་སྟོང་ཡིན་པའི་ས་ཆ་འགར་ལག་རྩེད་སྤོ་ལོ་ཐང་སོགས་ལུས་རྩལ་སྦྱོང་ས་བཟོས་ཡོད་སྐོར་བརྙན་ཐུང་ནང་འགྲེལ་བརྗོད་གནང་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༡༩

Leave a Reply