ཐ༌ན༌རྒྱ༌ནག༌ཡིན༌ཡང༌མཐའ༌མར༌དམངས༌གཙོ༌རུ༌འགྱུར༌ངེས༌རེད།

ཧོང་ཀོང་གི་དམངས་གཙོར་ཕྱི་ནང་གི་རྒོལ་བ་ཤུགས་ཆེན་ཡོང་བཞིན་པའི་སྐབས་དང་བསྟུན། ཡུལ་དེའི་དམངས་གཙོའི་ཡབ་ཆེན་དུ་འབོད་པའི་སྐུ་ཞབས་མར་ཊིན་ལི་ལགས་ཀྱིས་“འཛམ༌གླིང༌འདི༌མི༌རིང༌བར༌དམངས༌གཙོ༌རུ༌འགྱུར༌བར༌ཐེ༌ཚོམ༌མེད། ཐ༌ན༌རྒྱ༌ནག༌ཡིན༌ཡང༌མཐའ༌མར༌དམངས༌གཙོ༌རུ༌འགྱུར༌ངེས༌རེད”ཅེས་གསུངས་འདུག

རྨེ་བདུད་འདུལ་འཚོ།

ང༌མཱར་ཊིན་ལཱི་ཡིན། (Martin Lee) ཡིན། ང་ཧོང་ཀོང་གི་ཁྲིམས་རྩོད་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཟུར་པ་ཞིག་ཡིན།

ལོ་དེ་དག་ནི་ཧོང་ཀོང་གི་མ་འོངས་པའི་ཆེད་དུ་གནད་འགག་ཅན་གྱི་དུས་སྐབས་ཤིག་ཡིན། ཕྱི༌ལོ ༡༩༨༢ ལོའི་ཟླ་ ༨ པའི་མཇུག་གམ་ཟླ་ ༩ པའི་མགོ་ལ་མཱར་གྷ་རེ་ཊི་ཐེ་ཆར་ (Margaret Tatcher) ༌ཏེང་ཞའོ་ཕིང་ (Deng Xiao Ping) ལ་ཐུག་འཕྲད་དུ་སོང༌བ༌རེད། ཐུག་འཕྲད་དེའི་ཟླ༌ཕྱེད༌ཀྱི༌སྔོན༌ལ༌ངའི༌ཁྲིམས༌རྩོད༌པ༌དང༌ཆེད་ལས་མི༌སྣ་འགའི་སྣེ་འཁྲིད་དེ༌རྒྱ་ནག་གི་ཧོང༌ཀོང༌དང་ཨོ༌མན༌འབྲེལ་མཐུད་ལས་ཁུངས་ (Hong Kong and Macau Affairs Office) ཀྱི་གཞུང་འབྲེལ་མི་སྣ༌འགའ་དང༌ཐུག༌འཕྲད༌བྱེད་དུ་སོང༌བ༌ཡིན། སྐབས་དེར་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་ལོའུ་ཁྲིན་ཀྲི་ (liao Chengzhi) ཡིན་ཡང་། དེ་དུས་ཁོང་གི་རྐང་པ་ཆག་པའི་རྐྱེན་གྱིས་སྐུ་ཚབ་ཏུ་ལི་ཧོ་ (Li Hou) དང་ལུ་ཧྥིང་ (Lu Ping) གཉིས༌མངགས༌ཏེ་ང་ཚོའི་རུ་ཁག་གི་ཁྲིམས་རྩོད་པ་ ༧ དང་ལྷན་དུ་ཚོགས་འདུ་ཞིག་ཚོགས་ཡིན།

ང་ཚོའི་བསམ༌ཡུལ༌ལས༌འདས༌པ༌ཞིག༌ལ༌སྐབས༌དེར༌ལི་ཧོ་ཡིས། ཕྱི༌ལོ་ ༡༩༩༧ ལོར་ས༌ཁུལ༌གསར༌པ༌ (New Territories, 新界) དེ་རྒྱ༌ནག༌ལ་ཕྱིར་རྩིས་སྤྲད་རྒྱུ་ཡིན་པ་དང་། ང་ཚོའི་མགོ་ཁྲིད་རྣམས་ཀྱིས་གལ་ཏེ་ས་ཁུལ་གསར་པ་དེ་མེད་པ་ཡིན་ན་ཧོང་ཀོང་དེ་འཚོ་གནས་ཐུབ་རྒྱུ་མིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༧ ཚེས་ ༡ ཉིན་ནི་ཧོང་ཀོང་དང་། ཀའོ་ལུན་ (Kowloon) ས་ཁུལ་གསར་པ་བཅས་རྒྱ་ནག་ལ་ཕྱིར་སྤྲོད་རྒྱུའི་དུས་ཚེས་བཟང་པོ་ཞིག་ཡིན།  ཁྱེད་ཀྱིས་ག་རེ་བསམ་གྱི་འདུག་ཅེས་བརྗོད་བྱུང་། དེ་དུས་ང་ཚོའི་མདུན་ལ་འདི་ལྟ་བུའི་གནད་དོན་གལ་ཆེན་ཞིག་གླེང་སློང་བྱེད་སྲིད་པ་བསམ་བློའི་ནང་དུ་ཡང་མེད། ང་ཚོ་ནི་ཁྲིམས་རྩོད་པ་ཤ་སྟག་ཡིན་པ་ལས། ཆབ་སྲིད་དང་འབྲེལ་བ་ཅི་ཡང་མེད། དེ་དུས་ང་ཚོ་ནང་ཁུལ་ལ་ཡང་གཅིག་མཐུན་གྱི་སྐད་ཆ་གང་ཡང་བྱུང་མེད། དེར་བརྟེན། ངས་གལ༌ཏེ༌ཧོང༌ཀོང༌འདི༌མུ༌མཐུད༌གོང་འཕེལ་དུ་འགྲོ་དགོས༌པ་གང་ཞིག་ལ་རྒྱ་ནག་ལ་རྩིས་སྤྲོད་དགོས་ན། དེ༌ནི༌དཔེར༌ན༌ཁྱོད༌ཀྱིས༌རང༌གི༌ཁྱིམ༌མཚེས༌ཀྱི༌མེ༌ཏོག༌ལྡུམ༌རྭའི༌ནང༌ནས་མཛེས་སྡུག་ལྡན་པའི་༌མེ༌ཏོག༌པདྨ༌ཞིག༌བཀོག་སྟེ། དེ༌ཧ༌ཅང༌རྩ༌ཆེ༌བའི༌བུམ༌པ༌ཞིག༌གི༌ནང༌ལ༌བཞག༌ནས༌ཁྱོད་རང་གི་ཁྱིམ༌དུ༌ཉར་བ་དང་མི་མཚུངས་རེད། མེ་ཏོག་པདྨ་དེ་ཉིན༌འགའི༌རྗེས༌སུ༌གང་འདྲ་ཆགས་རྒྱུ་རེད་ཅེས་དྲིས་པ་ཡིན། སྐབས་དེར་ལི་ཧོ་ཡིས་ཁོང་ཁྲོ་ཆེན་པོས་ལྕོག་ཙེའི་ཐོག་ཁུ་ཚུར་གྱིས་གཞུས་ཏེ། ཁྱེད་ཀྱིས་རང་ཉིད་དང་ཧོང་ཀོང་ནང་གི་རྒྱ་རིགས་མི་མང་རྣམས་ལ་གདེང་ཚོད་མེད་དོན་གང་ཡིན། སིང་གྷ་པོར་དེ་རྒྱའི་སྤྱི་ཚོགས་ཤིག་ཡིན་ཡང་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད། ཅེས་བརྗོད་བྱུང་། ངས་རེད། སིང་གྷ་པོར་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་རྒྱུ་མཚན་གྱིས་ཡར་རྒྱས་འགྲོ་ཡི་ཡོད། གལ་ཏེ་ཁྱེད་ཀྱིས་ཧོང་ཀོང་ཡང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་བཞག་ཚེ། དེར་གནས་སྡོད་མི་མང་གི་ཆེད་དུ་ལི་ཁོན་ཡུ་(Lee Kuan Yew:སིང་གྷ་པོར་གྱི་སྲིད་བློན་ཐོག་མ།) ལྟ་བུའི་མགོ་འཁྲིད་ཅིག་དགོས་དོན་མེད། གལ་ཏེ་ཧོང་ཀོང་ལ་རང་བཙན་ཡོད་ཚེ། ཁྲིམས༌རྩོད༌པ༌ང༌ལྟ་བུ་ཞིག་གིས་ཀྱང་བྱ༌བ༌བཟང༌བོ༌ཞིག༌བསྒྲུབ༌ཐུབ༌ཀྱི་རེད། ངས་ང་ལ་བྱ་བ་དེ་དགོས་ཟེར་གྱི་མེད། འོན་ཀྱང་ངས་ཁོ་པར། ཧོང་ཀོང་གི་ཚད་མཐོའི་བདག་དབང་དེ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཚེ། ཧོང་ཀོང་འདི་མུ་མཐུད་ཡར་རྒྱས་དང་བརྟན་བརླིང་ཡོང་མི་སྲིད་པ་ཞིག་ཡིན་སྐོར་བཤད་ཡིན། དེ་ནི་ང་ཚོས་བརྗོད་འདོད་པའི་སྐད་ཆ་རེད། ངས་རང་གི་ལས༌རོགས༌གཞན་ཚོས༌ག༌འདྲ༌བསམ༌བཞིན༌ཡོད༌མེད༌ཤེས་མ་སོང་། གང་ཡིན་ཟེར་ན། དེ་དུས་ང་ཁོ་ཚོའི་མགོ་འཛིན་ཡིན་ལ། ཌོ་རོ་ཐི་ལིའུ་ཡིའུ་ཁྲུ་ (Dorothy Liu Yiu Chu) མགོ་འཛིན་གཞོན་པ་རེད། ཁོ་མོ་ནི་པེ་ཅིན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པ་ཡོངས་གྲགས་རེད། འོན་ཀྱང་དེ་དུས་ཁོ་མོས་ངའི་བསམ་ཚུལ་ལ་མོས་མཐུན་བྱས་ཏེ་ང་ཚོས་ཁ་གཅིག་གྲགས་ཀྱི་སྒོ་ནས་སྐད་ཆ་བཤད་ཡིན། ཡིན་ནའང་། སྐབས་དེར་ང་ཚོས་གྲོས་བསྡུར་དག་ཞི་མཐུན་གྱི་སྒོ་ནས་བྱས་མེད་པ་མངོན་གསལ་རེད། ང་ཚོས་ཧོང་ཀོང་གི་ཚད་མཐོའི་བདག་དབང་དེ་ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཚུར་བླངས་ཏེ། དེ་ནས་ལོ་ ༥༠ རིང་དབྱིན་ཇི་ལ་གཡར་བ་ཡིན་ན་གང་འདྲ་ཡོད་མེད་ཀྱི་བསམ་ཚུལ་བཏོན་པར། ལི་ཧོ་ཡིས་དེ་འདྲ་བྱེད་ན་འགྲིག་གི་མ་རེད། འཛིན་སྐྱོང་མེད་པའི་ཚད་མཐོའི་བདག་དབང་ནི་སྟོང་པ་རེད། ཅེས་བརྗོད་སོང་། དེ་ལྟར་ང་ཚོའི་ཚོགས་འདུ་དེ་མཇུག་བསྒྲིལ་བ་རེད།

ཉིན་དེའི་དགོང་མོར་ཌོ་རོ་ཐི་ལིའུ་ཡིས། ང་ཚོས་ཐབས་ལམ་ཞིག་མ་འཚལ་བར་དེ་ལྟར་བསྐྱུར་ཚེ། ཧོང་ཀོང་འདི་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་འདུག དེར་བརྟེན། འབྱུང་འགྱུར་ང་ཚོའི་བསམ་ཚུལ་དག་ལ་འགྲེལ་ལོག་མི་ཡོང་བའི་ཆེད་དུ་ངས་དྭང་བླངས་ཀྱི་ཐོག་ནས་ང་ཚོའི་བསམ་ཚུལ་རྣམས་ཟིན་བྲིས་སུ་བཏབས་ཏེ། རྒྱ་ནག་གི་མགོ་འཁྲིད་རྣམས་ལ་ཕུལ་ཆོག ཅེས་བརྗོད་བྱུང་།

རྒྱ༌ནག༌གིས༌ཧོང༌ཀོང༌ཕྱིར་ལེན་རྒྱུའི་འདུན་པ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་ཙམ་མ་ཟད་ཐའེ་ཝན་དང་ཨོ་མན་ཡང་དེ་ལྟར་རེད། དེ་དུས་རྒྱ་ནག་གིས་ཧོང་ཀོང་མི་མང་རྣམས་བློ་བདེ་བག་ཕེབས་ཡོང་ཆེད་གང་ཡག་ཡག་བྱེད་ཀྱི་ཡོད། དེ་ཙམ་དུ་མ་ཟད་ངས་དྲན་གསོས་པ་ཞིག་ལ། དེ་དུས་ང་ཚོར། ཁྱེད་ཚོས་སེམས་འཁྲལ་བྱེད་དགོས་དོན་མེད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་དར་དང་གཞུང་འཛིན་པ་མ་གཏོགས་གཞན་ཚང་མ་རང་སོར་འཇོག་གི་རེད། ཅེས་ཁས་ལེན་བྱས་ཡོད་པ་མ་ཟད། སྒྲོམ་གཞི་དེའི་འོག་ནས་རྒྱ་ནག་གིས་ཧོང་ཀོང་གི་ཚད་མཐོའི་བདག་དབང་ཉར་རྒྱུ་དང་གཞན་ཚང་མ་གྲོས་བསྡུར་བྱེད་ཆོག་པ་ཞིག་ཡིན་སྐོར་བརྗོད་ཡོད། ད་ལྟ་ངས་ཕྱིར་བལྟས་ཤིག་བྱེད་དུས། དེ་རྦད་དེ་འགྱུར་འདུག གང་ཡིན་ཟེར་ན། རྒྱ་ནག་གི་ལག་ལ་ཧོང་ཀོང་གི་ཚད་མཐོའི་བདག་དབང་ཐོབ་པའི་རྗེས། ཁོ་ཚོས་ཐ་སྙད་དེ་བེད་སྤྱོད་བཏང་མིན་ལ་མ་ལྟོས་པར། རྒྱ་ནག་གི་རྩ་ཁྲིམས་དེ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཐོག་ལ་འཇོག་གི་ཡོད་པ་རེད།

ངའི་སྐབས་དེའི་བསམ་ཚུལ་ནི། ཏིན་ཞའོ་ཕིང་གིས་ཏན་ཏན་ཨུ་རུ་སུའི་རྗེས་སུ་འབྲངས་ཏེ་རྒྱ་ནག་ནང་སྤྱི་ཚོགས་རིང་ལུགས་ལག་བསྟར་མི་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། ཁོ་པས་དངོས་སུ་བརྗོད་ཡོད་མེད་ལ་མ་ལྟོས་པར་མ་རྩ་རིང་ལུགས་ཀྱི་ལམ་བུར་བསྐྱོད་རྒྱུའི་བསམ་བློ་སྐྱེས་ཡོད། ངས་བསམ་ན། སྐབས་དེར་ཏིན་ཞའོ་ཕིང་གིས་ཁྲིམས་ཀྱི་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ཡོད་ཅིང་། ཡར་རྒྱས་དང་བརྟན་བརླིང་ཡིན་པའི་རྒྱའི་སྤྱི་ཚོགས་ཏེ་ཧོང་ཀོང་ལ་མིག་དཔེ་ལྟ་ཡི་ཡོད། དེ་བཞིན་ལོ་རབས་ ༨༠ ཡི་ལོ་མགོ་ནས་ཏིན་ཞའོ་ཕིང་གིས་དཔལ་འབྱོར་སྒོ་འབྱེད་བྱས་ཏེ་ཕྱིའི་ཚོང་དོན་མ་རྩ་རྒྱལ་ནང་དུ་ལེན་རྒྱུའི་སྒོ་བརྩམས་ཟིན། ངས་ཏིན་ཞའོ་ཕིང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་འཆར་གཞི་དེ་ཐའེ་ཝན་དང་། ཧོང་ཀོང། ཨོ་མན་ཁོ་ནའི་ཆེད་མིན་པར་རྒྱ་ནག་ཡོངས་ལ་རེད་བསམ་གྱི་འདུག དེར་བརྟེན་ང་ཚོ་མ་རྩ་རིང་ལུགས་ཐོག་བསྐྱོད་ཆོག་པར་བཟོས་ཏེ། རྒྱ་ནག་གིས་ལོ་ ༥༠ ནང་ང་ཚོའི་རྗེས་ཆོད་པ་ཞིག་བཟོ་རྒྱུ་དེ་རེད། དེ་ལྟར་མིན་ཚེ། ཕྱི་ལོ་ ༡༩༨༧ ལོའི་ཕྱི་ཟླ་ ༤ ཚེས་ ༡༦ སྟེ། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་འདུ་ཞིག་གི་ཐོག ཏིན་ཞའོ་ཕིང་གིས་གལ་ཏེ་ལོ་ ༥༠ དེ་ཉུང་དྲགས་ཡོད་ན། ད་དུང་ལོ་ ༥༠ ཕར་འགྱངས་བྱེད་ན་ཆོག་ཅེས་བརྗོད་དགོས་དོན་མེད། ངས་བསམ་ན་ཁོང་གི་འདོད་པར་ཧོང་ཀོང་གིས་རྒྱ་ནག་གི་སྣེ་འཁྲིད་ཐུབ་ན་བསམས་ཡོད། འོན་ཀྱང་ངས་བལྟས་ན་ཁོང་གི་རྒྱུད་འཛིན་པ་རྣམས་ལ་ཁོང་གི་རྒྱ་ནག་གི་རྨི་ལམ་ཆེན་པོ་དེ་མངོན་འགྱུར་བཟོ་བར་སྙིང་སྟོབས་དང་ལྷག་བསམ་གྱིས་འདང་མེད།

ཧོང་ཀོང་དུ་ཡོད་པའི་དམར་ཤོག་ཚོགས་པས་ང་ཚོ་དང་གཞན་སུས་ཀྱང་སྲིད་དོན་ཚོགས་པ་ཞིག་འཛུགས་རྒྱུར་འདོད་པ་བྱེད་ཀྱི་མེད་པ་རེད། གང༌ཡིན༌ཟེར༌ན༌ཧོང༌ཀོང༌ནང༌ལ༌དམར༌ཤོག༌ཚོགས༌པ༌དེ༌སྔོན༌ནས༌ཡོད༌རེད། ཁོ་ཚོ་གཞུང༌འབྲེལ༌མིན༌ཡང༌ཧོང༌ཀོང༌ནང༌ན༌ཡོད༌རེད། དབྱིན༌ཇིའི༌གཞུང༌གིས༌ཤེས༌ཀྱི༌ཡོད༌ཀྱང་དེར་བྱུས༌གཏོགས༌སོགས༌གང༌ཡང༌བྱེད་ཀྱི་མེད། དེ༌བཞིན་ཧོང་ཀོང་དུ་གོ་མིན་ཏང་ཡང་ (Kuomintang) ཡོད༌རེད། ཁོ་ཚོས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་བྱེད་སྒོ་སྤེལ་གྱི་མེད་ཀྱང་། ང་ཚོ་ཚང་མས་ཧོང༌ཀོང༌ནང༌ལ༌དེ༌འདྲའི༌ཚོགས༌པ༌གཉིས༌ཡོད༌པ༌ཤེས༌ཀྱི༌ཡོད༌རེད། ངས་ཐེངས་ཤིག་དབྱིན་ཇིའི་སྐུ་ཚབ་དག་ལ་དམངས་གཙོའི་སྐོར་ནས་གླེང་སློང་ཞིག་བྱས་པ་དྲན་གྱི་འདུག ཁོ་ཚོས་ང་ལ། སྐུ༌ཞབས༌ལི་ཡིས་ཧོང་ཀོང་ནང་དམངས་གཙོ་ངོ་སྤྲོད་བྱེད་དོན་གང་རེད། ཁྱེད་ཚོར་འཐོབ་རྒྱུ་མ་རེད། གང་ཡིན་ཟེར་ན་འདིར་དམར་ཤོག་དང་གོ་མིན་ཏང་ཚོགས་པ་གཉིས་ཡོད་རེད། ཧོང་ཀོང་ནང་ཁོ་ཚོའི་ཤུགས་རྐྱེན་ཆེན་པོ་རེད། ཅེས་འདྲི་ཡི་འདུག  ངས་རྟག་པར་ཁོ་ཚོར་དྲིས་ལན་དུ།  ཁྱེད༌ཚོས་ང༌ཚོ༌ལ༌གོ༌སྐབས༌མ༌སྤྲད༌སྔོན་དུ། ང༌ཚོ༌ལ༌རྒྱལ༌ཁ༌ཐོབ༌ཀྱི༌མ་རེད་ཅེས་ཇི་ལྟར་བརྗོད་ཐུབ་བམ། ཞེས༌བརྗོད་ཡིན། དེར་བརྟེན་ང་ཚོས་རང་ཉིད་ལ་སྲིད་དོན་ཚོགས་པ་ཞེས་བརྗོད་ཀྱི་མེད་པའི་རྐྱེན་གྱིས། ང་ཚོས་ཚོགས་པ་དེ་སྲིད་དོན་ཚོགས་པའི་རྣམ་པ་མེད་པའི་ཐོག་ནས་ཧོང་ཀོང་གི་དམངས་གཙོ་བའི་མཉམ་འབྲེལ་ཚོགས་པ་ (United Democrats of Hong Kong) ཞེས་པའི་མིང་བཏགས་ཡོད།

ཧོང་ཀོང་གི་དབྱིན་ཇིའི་གཞུང་འཛིན་པ་མཐའ་མ་ཁེ་རི་སི་པེ་ཊིན་ (Chris Pattern) གྱིས་བཏོན་པའི་ཆབ་སྲིད་བཅོས་བསྒྱུར་དང་། ཨེ་ལན་ལི་ (Allen Lee) ཡི་སྲིད་དོན་ཚོགས་པས་དེའི་ཐོག་ལ་ཁྲིམས་ཡིག་མི་ཉུང་བ་ཞིག་གཏན་འབེབ་བྱས་ཡོད་པ་ལྟར། ཁྲིམས་ཡིག་དེ་དག་ལག་བལྟར་དོན་འཁྱོལ་བྱས་ཚེ། ཧོང་ཀོང་རྩིས་སྤྲོད་བྱེད་སྐབས་ང་ཚོའི་ཕྱོགས་ལ་ཕམ་ཁ་མྱོང་གི་མེད་པ་རེད། ངས་ད་བར་རང་ཉིད་ལ་ངས་ནོར་འཁྲུལ་བྱས་ཡོད་མེད་དང་། གལ་ཏེ་དུས་ཚོད་ཕྱིར་ལོག་བྱ་རྒྱུ་ཡོད་ན་ངས་མི་འདྲ་བ་ཞིག་བྱས་ཡོད་མེད་བཅས་དོགས་འདྲི་བྱེད་ཀྱི་ཡོད། ངས་བལྟས་ན་ང་ཚོའི་ཕྱོགས་ནས་ནོར་འཁྲུལ་བྱས་པ་གང་ཡང་མེད། ཁོ་ཚོའི་ཕྱོགས་ནས༌ནོར༌བ༌རེད། གང་ཡིན་ཟེར་ན། ང་ཚོར་དམངས་གཙོའི་གོ་སྐབས་སྦྱིན་རྒྱུའི་ཁས་ལེན་བྱེད་མཁན་དེ་ཁོ་ཚོ་རེད་ལ། དེ་གཞི་རྩའི་བཅའ་ཁྲིམས་ནང་བཀོད་པ་རེད། དེ་བཞིན་ང་ཚོར་རང་ལ་ཁས་ལེན་བྱས་པ་དེ་དག་ཕྱེད་ཀ་ཙམ་མིན་པར། ཆ་ཚང་བར་སྤྲོད་དགོས་ཞེས་ཟེར་རྒྱུའི་ཐོབ་ཐང་ཏན་ཏན་ཡོད།

གལ་ཏེ་ང་རང་ལོན་ཊོན་ (London) ལ་དམངས་གཙོ་སློང་དུ་སོང་མེད་ན། དེ་བཞིན་ཕྱིའི་ཡུལ་གྲུ་གཞན་ཁག་ལ་བསྐྱོད་མེད་ཚེ། ཧོང་ཀོང་ལ་དམངས་གཙོ་སྤྲད་ཡོད་སྲིད་དམ། ཨོ་མིན་ལ་ལྟོས་དང་། དོན་དངོས་ཐོག་ང་རང་བསྐྱར་དུ་ཕྱི་རྒྱལ་ཁག་ཏུ་འགྲོ་དགོས་བྱུང་ཚེ་འགྲོ་ཐག་གཅོད་ཡིན། ཅིའི་ཕྱིར་ང་འགྲོ་མི་དགོས་སམ། སུས་དང་པོ་ཧོང་ཀོང་གི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བསྒྱུར་ཡོད་དམ། ང་མ་རེད། རྒྱ་ནག་རེད། གང་ཡིན་ཟེར་ན། དབྱིན་ཇི་དང་རྒྱ་ནག་གཉིས་ཀས་རང་གི་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་དེར་ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱས་ཡོད། དེ་ནི་གཞུང་གཉིས་བར་ལ་བཞག་པའི་ཆིངས་ཡིག་ཁོ་ན་ལས་མ་འདས་ཀྱང་། ད་དུང་ཨ་རི་གཞུང་དང་། ཁེ་ན་ཌའི་གཞུང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་སོགས་ཀྱིས་ཆིངས་ཡིག་དེར་རྒྱབ་སྐྱོར་བྱས་ཡོད།  དེ་ལྟར་བྱས་དགོས་དོན་གང་ཡིན་ནམ། གང་ཡིན་ཟེར་ན། དབྱིན་ཇི་དང་རྒྱ་ནག་གིས་ཆིངས་ཡིག་དེར་ངོས་འཛིན་ཐོབ་ཐབས་སོགས་ལ་ཤུགས་རྐྱེན་འཇོག་ཐབས་ཆེན་པོ་བྱས་པས་རེད། རྒྱ་ནག་གཞུང་གིས་ད་བར་མི་མང་རྣམས་ལ་སེམས་འཁྲལ་མ་བྱོས། དབྱིན་ཇི་དང་རྒྱ་ནག་གིས་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་དེ་མཉམ་འབྲེལ་རྒྱལ་ཚོགས་ནང་དེབ་སྐྱེལ་བྱས་ཟིན་ཞེས་དྲན་གསོ་ཡང་དང་བསྐྱར་དུ་བྱས་ཡོད། དེར་བརྟེན། གལ་ཏེ་ཁོ་ཚོས་ཧོང་ཀོང་གི་གནས་བབ་དེ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་ཆོག་ན། ངས་འཛམ་གླིང་གི་མི་མང་རྣམས་ལ་ཧོང་ཀོང་ནང་གི་དངོས་ཡོད་གནས་སྟངས་བཤད་མི་ཆོག་པ་ག་རེ་ཡིན་ནམ། གལ་ཏེ་ངས་རྫུན་བཤད་པ་ཡིན་ན། ཁོ་ཚོར་ནོར་བཅོས་བྱེད་དུ་འཇུག་རོགས།

ངས་དམངས་གཙོ་ཟེར་བ་དེ་ཧོང་ཀོང་ཙམ་དུ་མ་ཟད་རྒྱལ་ཁབ་ཚང་མ་ལ་ཏན་ཏན་ཡག་པོ་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་མི་མང་རྣམས་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་ཞིག་རེད། ཁྱེད་རང་མི་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་ཐོབ་ཐང་ཡོད། དམངས་གཙོ་ལས་ལེགས་པའི་རིང་ལུགས་གཞན་ཞིག་མེད། དེར་བརྟེན། ངས་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་པ་ཞིག་ལ། སྔ་ཕྱི་མ་གཏོགས་འཛམ་གླིང་ཡོངས་ལ་དམངས་གཙོ་འཐོབ་ཀྱི་རེད། རྒྱ་ནག་དེ་འཛམ་གླིང་གི་རྒྱལ་ཁབ་མཐའ་མ་དེ་ཡིན་ན་ཡང་། མཐའ་མཇུག་དེར་རྒྱ་ནག་ནང་དུའང་དམངས་གཙོ་དར་སྤེལ་ཡོང་གི་རེད།

དམངས་གཙོ་འཐོབ་རྒྱུ་དེ་ངོ་མ་ཁག་པོ་རེད། དེ་དངོས་བདེན་རེད། གལ་ཏེ་ངས་སླ་མོ་རེད་ཟེར་ན། ང་སྨྱོན་པ་ཡིན་གྱི་རེད། མི་མང་པོས་དེ་ཡོང་མ་སྲིད་པ་ཞིག་རེད་ཟེར་གྱི་ཡོད་པས། གལ་ཏེ་དེ་ཡོང་མ་སྲིད་པ་ཞིག་ཡིན་ན་ཡང་། ང་ཚོའི་སེམས་ཤུགས་ཆག་དགོས་དོན་ག་རེ་ཡོད། ང་ཚོའི་སེམས་ཤུགས་ཆག་པ་ཡིན་ན།  ང་ཚོས་དེ་ཉིད་ཡོང་མ་སྲིད་པ་ཞིག་ཏུ་བཟོས་བཞག་པ་རེད། གལ་ཏེ་ང་ཚོས་མུ་མཐུད་འཐབ་རྩོད་བྱས་ན། ང་ཚོར་དུས་ནམ་ཡང་གོ་སྐབས་ཡོད་པ་རེད།

བརྙན་གྱི་འབྲེལ་ཐགhttps://www.youtube.com/watch?v=0Go2jAEtFD8

 

བསྐྱར་བཅོས།: ༢༠༡༩/༠༦/༢༠

Leave a Reply

5 thoughts on “ཐ༌ན༌རྒྱ༌ནག༌ཡིན༌ཡང༌མཐའ༌མར༌དམངས༌གཙོ༌རུ༌འགྱུར༌ངེས༌རེད།

  1. ཝཻ། Kelsang Dawa Lag. བོད་པའི་སྤྱིད་ཚོགས་ཆུང་ཆུང་འདིའི་ནང་རྒྱ་མི་རྐྱང་པ་མ་རེད་ཏོ། ཨ་རི་དང་རྒྱ་གར་ཡང་ཡོད་སྲིད་དོ། Don’t be Deceiv. Be Cute. མཐོང་རྒྱ་ཆེ་སེ་གནང་ལ།