ངའི་ཆེས་མཐའ་མཇུག་གི་གཏམ་བཤད་ཡིན་སྲིད་ཀྱང་རང་དབང་གི་ཆེད་དུ་འཐབ་རྩོད་བྱོས།

རྒྱ་ནག་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སློབ་དཔོན་ཞིག་གིས་རང་དབང་རྩོད་ལེན་དགོས་པའི་སྐུལ་མ་བཏང་བར་སྤྱི་ཚོགས་བརྒྱུད་ལམ་ནས་གླེང་སློང་ཆེན་པོ་བྱེད་ཀྱི་འདུགཟླ་འདིའི་ཕྱི་ཚེས་ ༡༩ ཉིན། རྒྱ་ནག་གི་སྐད་གྲགས་ཆེ་བའི་ཧྲང་ཧེ་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་(Fudan University) གི་ཕྱི་ལོ་ ༢༠༡༩ ལོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་གཙུག་ལག་སློབ་གཉེར་ཁང་དེའི་དབྱིན་ཡིག་སྡེ་ཚན་གྱི་སློབ་དཔོན་ཆེ་ཝེ་ཀོ་(Qu Weiguo)ལགས་ཀྱིས། ཅིག་བྱས་ན་ངས་དེ་རིང་བསླབ་པ་མཐར་སོན་པའི་སློབ་གཉེར་བ་ཚོར་གཏམ་བཤད་སྤེལ་བའི་རྐྱེན་གྱིས་ལས་མཚམས་འཇོག་དགོས་བྱུང་སྲིད་ཀྱང་། རང་དབང་ནི་རྩོལ་མེད་དུ་གཞན་གྱིས་སྤྲད་ཡོང་རྒྱུ་ཞིག་མིན་པ་དང་། ང་ཚོ་སུ་ཡིན་ཡང་རང་ཉིད་གཙོའི་གཞན་ཚང་མའི་རང་དབང་ཆེད་དུ་འཐབ་རྩོད་བྱེད་དགོས་པ་དང་། གྷན་དྷི་ཡིས་ཁྱེད་ཀྱིས་ངའི་ལུས་ཕུང་བཙོན་དུ་བཅུག་ན་ཡང་ཕུགས་བསམ་བཙོན་འཇུག་བྱེད་མི་ཐུབ་ཅེས་པ་སོགས་ལུང་དྲངས་ནས་བཤད་ཡོད་འདུག

ཡང་ཁོང་གིས། སློབ་གཉེར་བ་ཚོས་རང་དབང་དང་གུ་ཡངས་བའི་བསམ་བློ་གཏོང་དགོས་པ་མ་ཟད། ཤར་ནུབ་གཉིས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་དགོས་པ་དང་། དེ་རིང་གི་འཛམ་གླིང་དཔལ་ཡོན་གྱི་འཕེལ་རིམ་སྔོན་ཆད་དང་མི་འདྲ་བ་དང་། ན་གཞོན་ཚོས་འཛམ་གླིང་ལྟ་ཚུལ་ཡང་རང་གི་ཕ་མ་དང་མི་རབས་སྔོན་མ་དག་དང་འདྲ་བོ་མེད་སྐོར་དང་། མི་ཞིག་གིས་རང་དབང་གི་ཤེས་ཡོན་ལམ་ལུགས་འོག་ནས་སློབ་གཉེར་བྱས་ན་རང་དབང་ནི་རང་ཉིད་ལ་དབང་བ་ཞིག་ལས། དེ་ནི་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས། རྒྱལ་ཁབ་དང་ཆབ་སྲིད་ཚོགས་པ་སོགས་གང་ལ་ཡང་དབང་བ་ཞིག་མིན་པ་ཤེས་ཐུབ་སྐོར་སོགས་བརྗོད་འདུག

སློབ་དཔོན་ཆེ་ཝེ་ཀོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པར་ཁ་ཐུག་གིས་སྐྱོན་བརྗོད་བྱས་མེད་ཀྱང་། མཇུག་ཏུ་གཏམ་བཤད་འདི་ནི་ཁོའི་ཆེས་མཐའ་མཇུག་གི་གཏམ་བཤད་ཡིན་སྲིད་པ་རེད་ཅེས་བརྗོད་ཡོད་པ་དང་།  ཁོང་གི་གཏམ་བཤད་དེ་སྤེལ་རྗེས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་ཁག་གི་སློབ་དཔོན་ཁག་ཅིག་གིས་ཁོང་གི་གཏམ་བཤད་ལ་མོས་མཐུན་ཡོད་སྐོར་དྲ་ལམ་ཁག་ཏུ་སྤེལ་ཡོད་པ་དང་། རྒྱ་ནག་ནང་སྐད་གྲགས་ཆེན་པོ་ཡོད་པའི་སློབ་དཔོན་ཁྲིན་མིན(Chen Ming)ཞེས་པ་ཞིག་གིས་ཝེ་པོ་དྲ་བའི་སྟེང་། ངས་སློབ་དཔོན་ཁོང་ལ་ཆང་ཅིག་འདྲེན་འདོད་བྱུང་། ཆང་ཕོར་དང་པོ་རང་དབང་གི་ཆེད་དང་། ཆང་ཕོར་གཉིས་པ་ཁོང་གི་སྙིང་སྟོབས་ཀྱི་ཆེད་དུ་དྲངས་འདོད་ཡོད་ཅེས་བརྗོད་འདུགད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་གཏམ་བཤད་ཐད་གནས་ཚུལ་གང་ཡང་བརྒྱུད་ལམ་དུ་ཐོན་མེད་ཀྱང་། རྒྱ་ནག་གཞུང་གིས་ནམ་རྒྱུན་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་དགེ་རྒན་མང་པོ་ལས་གནས་ནས་ཕུད་པ་དང་བཙོན་འཇུག་སོགསབྱེད་བཞིན་ཡོད་པ་དང་། ལོ་སྔོན་མར་རྒྱ་ནག་ཆིན་ཧྭ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞའོ་ཙོང་རཱན(Xu Zhangrun)ཞེས་པ་དེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་སྐྱོན་བརྗོད་བྱས་རྐྱེན་གནས་དབྱུང་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་ལོ་རྒྱུས་དགེ་རྒན་གྲགས་ཅན་ཡན་ཐུང་ཧྥེ(Yuan Tengfei)ཡིས་རྒྱ་ནག་གི་མགོ་འཁྲིད་མའོ་འདས་གྲོངས་སུ་སོང་བའི་ཉིན་མོ་དང་བསྟུན། ཝེ་པོ་དྲ་བའི་སྟེང་དེ་རིང་ནི་ཉི་མ་ཡག་པོ་ཞིག་རེད། གནམ་གཤིས་ཡག་པ་དང་ངའི་སེམས་ཁམས་ཧ་ཅང་སྐྱིད་པོ་འདུག་ཅེས་བྲིས་པས་དེ་མ་ཐག་ཝེ་པོ་དྲ་གནས་ནས་ཕྱིར་འཕུད་བཏང་བ་མ་ཟད། ཕྱིས་སུ་རྒྱ་ནག་གཞུང་གིས་ཁོང་ལ་འདྲི་རྩད་སོགས་བྱས་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༡༥ དང་ ༢༠༡༦ སོགས་སུ་རྒྱ་ནག་ཧྲན་ཏུང་གཙུག་ལག་སློབ་གཉེར་ཁང་(Shandong University)དང་། རྒྱ་ནག་ཧི་པའེ་ཞིང་ཆེན་(Hebei)གཙུག་ལག་སློབ་གཉེར་ཁང་། རྒྱ་ནག་ཆིན་ཧྭ་སློབ་ཆེན་སོགས་སུ་ཡང་དང་བསྐྱར་དུ་རྒྱ་ནག་གཞུང་གི་སྒེར་གཅོད་ལམ་ལུགས་ཐད་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོར་རྒྱ་ནག་པེ་ཅིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཅེ་ཕུན་(Shi Jiepeng)ཞེས་པ་ཞིག་གིས། སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གིས་ད་ལྟའི་རང་གི་རིག་གཞུང་འདི་དོར་ཏེ་ནུབ་ཕྱོགས་པའི་རིག་གཞུང་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱེད་དགོས་སྐོར་བརྗོད་པར་བརྟེན། ཁོང་འཛིན་བཟུང་དང་འདྲི་རྩད་སོགས་བྱས་ཡོད་འདུག

རྒྱ་ནག་ནང་ཤེས་ཡོན་ཅན་གྱི་སྡེ་དང་སློབ་ཕྲུག་ཚོར་གཉའ་གནོད་བྱེད་བཞིན་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན་པར་དུས་རྒྱུན་འབྱུང་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ནང་སློབ་ཕྲུག་ཚོས་སྣེ་འཁྲིད་དེ་དམངས་གཙོའི་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་། རྒྱ་ནག་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་དམིགས་བསལ་གྱིས་སྨྲ་བརྗོད་རང་དབང་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་རྒྱལ་སྤྱི་རང་བཞིན་གྱི་སློབ་གཉེར་ཁང་རྩེ་ཕུད་རིགས་འཛུགས་སྐྲུན་བྱེད་འདོད་ཡོད་པའི་རྣམ་པ་མངོན་གྱི་ཡོད་པ་དང་། རྒྱ་ནག་གི་སློབ་གཉེར་ཁང་ཁག་ཅིག་ལ་ཕྱོགས་མང་པོའི་ཐད་ནས་རྒྱལ་སྤྱིའི་སློབ་གཉེར་ཁང་རྩེ་ཕུད་གྲས་སུ་ཚུད་པའི་ཆ་རྐྱེན་ཚང་གི་ཡོད་ན་ཡང་། སྲིད་གཞུང་གིས་མུ་མཐུད་སློབ་གསོའི་རང་དབང་བཀག་སྡོམ་བྱས་རྐྱེན་རྒྱ་ནག་གི་དམིགས་ཡུལ་ཡོངས་སུ་འགྲུབ་ཐུབ་ཀྱི་མེད་ལུགས་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༢༠

Leave a Reply

3 thoughts on “ངའི་ཆེས་མཐའ་མཇུག་གི་གཏམ་བཤད་ཡིན་སྲིད་ཀྱང་རང་དབང་གི་ཆེད་དུ་འཐབ་རྩོད་བྱོས།

  1. སློབ་དཔོན་ཆེན་མོ་ཆེ་ཝོ་ཀོ་ལགས་ཀྱི་གཏམ་བཤད་འདི་གལ་ཆེན་ཞིག་རེད། མ་ཟད་ད་ལྟའི་དུས་འདིར་ངེས་པར་སློབ་ཕྲུག་ཚོས་སེམས་ལ་བབས་པའི་གཏན་བཤད་དང་། ལམ་སྟོན་ལྟ་བུ་ཞིག་ལ་རྩིས་ན་ཆོག་པ་འདྲ་བོ་ཞིག་རེད། གང་ལྟར་འདི་དང་འདི་ལྟ་བུའི་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་མཁས་དབང་སོགས་གྲགས་སྙན་ཡོད་པ་དག་གིས་ངེས་པར་འདི་འདྲ་གང་མང་གསུང་པ་ཡིན་ན་རང་བཞིན་གྱི་སློབ་གྲྭའི་སློབ་མ་གཙོ་བྱས་མི་མང་གཉིད་ལས་སད་ཁོ་ཐག་རེད་ཧ་ཀྱང་གལ་ཆེན་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    རང་དབང་ལ་ཚད་གཞི་ཡོད་པ་དང་གལ་སྲིད་རང་དབང་ལ་ཚད
    གཞི་མེད་ན་སྤྱི་ཚོགས་ཀྱི་བདེ་འཇགས་དེ་ཉིན་མ་གཅིག་གི་ནང་མི་
    ངན་ཁྲིམས་འགལ་བྱེད་མཁན་ཚོའི་དབང་བསྒྱུར་འོག་རྩ་གཏོར་གཏོང་སྲིད་
    པ་དང་རྒྱུ་ཚན་དེ་ལ་བརྟེན་ནས་སྲིད་གཞུང་སོ་སོའི་སྤྱི་ཚོགས་བདེ་འཇགས་
    ཆེད་རང་དབང་ལ་ཚད་གཞིའི་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་སྤྱི་ཚོགས་
    བདེ་འཇགས་ལ་འགན་འཁུར་བཞིན་པ་དང་རང་བཙན་ནི་ས་ཆ་ཡོད་པ་དང་
    མི་འབོར་ཡོད་་པ་དང་སྲིད་གཞུང་ཡོད་པ་དང་སྲིད་གཞུང་དེ་ལ་འགོ་འཁྲིད་
    མཁན་གྱི་མི་ཡོད་པ་བཅས་གོང་གི་དོན་ཚན་བཞི་དེ་ཚང་ན་རང་བཙན་རྩོད་ལེན་
    ཆོག་པ་བཅས།
    སླར་སྨྲས་པ།

    རང་བཙན་རང་དབང་དོན་གཅིག་བསམ་མཁན་དང།
    མང་གཙོ་དམངས་གཙོ་གང་བསམ་བརྗོད་མཁན་དང།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོངས་སོགས།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།