ཊོམ་ཕུ་གཞུང་གིས་བོད་དོན་འཐུས་ཤོར་ཕྱིན་འདུག་ཟེར།

ཨ་རིའི་ཊོམ་ཕུ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱའི་བར་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་མུ་མཐུད་འབད་བརྩོན་གནང་བཞིན་ཡོད་སྐོར་གྱི་སྙན་ཐོ་བཏོན་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ཨ་རིའི་ཕྱི་ལོ་ ༢༠༠༢ ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་། ཊོམ་ཕུ་གཞུང་གིས་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ནང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཆེད་ཕྱག་ལས་ག་རེ་གནང་ཡོད་པའི་སྐོར་གྱི་སྙན་ཐོ་ཞིག་ཨ་རིའི་གྲོས་སུ་ཕུལ་ཡོད་པ་དང་། སྙན་ཐོའི་གྲུབ་དོན་ནང་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་ནག་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེའི་བར་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་འབྲེལ་ལམ་བྱུང་མེད་ཀྱང་། ཨ་རིོའི་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའིོ་ཐོག་ནས་བོད་རྒྱའི་བར་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་མུ་མཐུད་འབད་བརྩོན་གནང་བཞིན་ཡོད་སྐོར་གསལ་ཡོད་འདུག

སྙན་ཐོ་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གནས་ཚུལ་སྤེལ་བའི་ནང་། སྲིད་འཛིན་ཊོམ་ཕུ་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ན་ཡང་། འདས་པའི་ནང་ཊོམ་ཕུ་མཆོག་གིས་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱེད་སྐབས་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པེ(Mike Pompeo)མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་རེག་ཊཱ་ལོར་སོན(Rex Tillerson)མཆོག་གཉིས་ཀྱིས་རྒྱ་ནག་གི་མགོ་འཁྲིད་ཚོ་དང་ཐུག་འཕྲད་སྐབས་བོད་རྒྱ་འབྲེལ་མོལ་དང་། བོད་དོན་ཐད་གླེང་སློང་བྱས་མེད་པ་དང་། ཊོམ་ཕུ་གཞུང་གིས་བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་མེད་པར་འཐུས་ཤོར་ཕྱིན་ཡོད་སྐོར་བཀོད་འདུག

བོད་དོན་ལས་འགུལ་ཁང་གི་གནས་ཚུལ་ནང་མུ་མཐུད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མྰ་ཊེའོ་མེ་ཁ་སེ་(Matteo Mecacci)ལགས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ། ཊོམ་ཕུ་སྲིད་གཞུང་ནས་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ནང་གསལ་དོན་ཚན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་པ་དང་། སྲིད་བྱུས་དེའི་དགོངས་དོན་གཙོ་བོ་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་སྟེ་རྒྱ་ནག་གཞུང་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་ཐབས་གནང་རྒྱུ་དེ་ཡིན་ན་ཡང་། སྲིད་འཛིན་ཊོམ་སྲིད་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ད་ལྟ་ད་དུང་ཡང་བསྐོ་བཞག་བྱས་མེད་པ་དེ་ངེས་པར་ལག་བསྟར་བྱ་དགོས་པ་དང་། རྗེས་ཕྱོགས་ཨ་རིའི་མགོ་འཁྲིད་ཚོས་རྒྱ་ནག་གི་མགོ་འཁྲིད་དང་ཐུག་འཕྲད་སྐབས་ངེས་པར་དུ་སྐད་གསེང་མཐོན་པོས་བོད་དོན་གླེང་སློང་དགོས་སྐོར་སོགས་བརྗོད་འདུགའདི་ལོའི་ཊོམ་ཕུ་སྲིད་གཞུང་གི་སྙན་ཐོ་དེའི་ནང་། ཨ་རིའི་གཞུང་ངོས་ནས་མུ་མཐུད་རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང། བོད་ནང་རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ། ཡུལ་སྐོར་བ་སོགས་གཏོང་བའི་འབོད་སྐུལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གསོ་དང་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་མགོ་འཁྲིད་སོགས་འདེམས་ཕྱོགས་ལ་ཐེ་གཏོགས་བྱེད་བཞིན་པར་བློ་འཚབ་ཡོད་པ། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཐད་ཨ་རིའི་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་གསལ་ཡོད་པ། བོད་རང་སྐྱོང་ལྗོངས་དང་བོད་མི་གནས་སྡོད་ས་ཁུལ་དུ་འགྲོ་སྐྱོད་ཀྱི་གནས་སྟངས་ཐད་ཨ་རིའི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞིའི་དགོངས་དོན་ལྟར་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་གསལ་ཡོད་སྐོར་སོགས་བཀོད་འདུག

ཐེངས་འདིར་ཊོམ་ཕུ་གཞུང་གིས་བོད་དོན་སྐོར་ལ་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོ་དེར་ཤོག་གྲངས་ ༥ ཡོད་པ་དང་། ཊོམ་ཕུ་འཛིན་སྐྱོང་ངོས་ནས་ཕྱག་ལས་ཇི་གནང་གི་དོན་ཚན་ཆེན་པོ་ ༦ བཀོད་པའི་ནང་། ཨ་རིའི་གཞུང་ངོས་ནས་རྒྱ་ནག་གི་མགོ་འཁྲིད་རྣམས་ཀྱིས་ཐད་ཀར་༧གོང་ས་མཆོག་གམ། ཡང་ན་ཁོང་གི་སྐུ་ཚབ་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་ནང་ཞུགས་ཏེ་ཕྱོགས་གཉིས་ཀྱི་རྩོད་རྙོག་འདུམ་འགྲིག་ཡོང་རྒྱུའི་ཆ་རྐྱེན་བསྐྲུན་དགོས་སྐོར་དང་། ཨ་རིའི་གཞུང་འབྲེལ་མི་སྣ་ཆེ་གྲས་ཁག་གིས་ཡོངས་གྲགས་ཀྱི་ཐོག་ནས་རྒྱ་ནག་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་གདལ་བཤིག་གཏོང་བཞིན་ཡོད་པ་གསལ་སྟོན་ཐོག རྒྱ་ནག་གཞུང་གིས་བོད་མིའི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱེད་དགོས་པར་སྐུལ་འདེད་བྱས་ཡོད་སྐོར་དང་། ད་དུང་ཨ་རིའི་གཞུང་འབྲེལ་མི་སྣ་དག་གིས་དུས་རྒྱུན་དུ་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་དམ་དྲག་བྱེད་བཞིན་པར་བློ་འཚབ་ཡོད་པ་སྟོན་གྱི་ཡོད་པ་དང་། གཞན་ཡང་ཨ་རིའི་གཞུང་ངོས་ནས་ཡུལ་ཕྱོགས་འདྲ་མིན་ནང་རྒྱ་ནག་གིས་བོད་མིར་ལྟ་རྟོག་བྱེད་སྟངས་ཐད་བློ་འཚབ་ཡོད་སྐོར་བརྗོད་དེ། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མི་སྣ་རྣམས་བོད་དུ་བསྐྱོད་ཆོག་པར་བཟོ་དགོས་པ། དེ་བཞིན་ཨ་རིའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་བོད་མིའི་ཆོས་རིག་དང་ཆབ་སྲིད་ཀྱི་མགོ་འཁྲིད་རྣམས་དང་འབྲེལ་ལམ་བཟང་པོ་བཙུགས་ཡོད་པ་དེ་ཡང་ཨ་རིས་བོད་མི་རྣམས་ཀྱི་རང་གི་ངོ་བོ་སྲུང་སྐྱོབ་དང་ཐོབ་ཐང་གོང་འཕེལ། དེ་བཞིན་དགོས་མཁོ་དང་། དཔལ་འབྱོར་གོ་སྐབས་བཅས་བསྐྲུན་རྒྱུའི་ཆོད་སེམས་མཚོན་ཚུལ་ཞིག་ཡིན་སྐོར་དང་། གཞན་ཡང་ཨ་རིའི་རོགས་སྐྱོར་ (USAID) དང་འཛིན་སྐྱོང་ངོས་ནས་རྒྱ་ནག་དང་རྒྱ་གར། བལ་ཡུལ་བཅས་ནང་ཡོད་པའི་བོད་མི་ཚོར་མུ་མཐུད་རོགས་སྐྱོར་བྱེད་མུས་ཡིན་སྐོར་བཀོད་འདུག དེ་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སི་ (Mike Pence) གཙོས་པའི་གཞུང་འབྲེལ་མི་སྣ་ཁག་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་བ་དང་། རྒྱ་ནག་གི་མགོ་འཁྲིད་ལྷན་དུ་ཐུག་འཕྲད་བྱེད་སྐབས་བོད་དོན་གླེང་སློང་བྱེད་པ། དེ་བཞིན་ཨ་རིའི་རོགས་སྐྱོར་ལས་གཞི་བརྒྱུད་བོད་མིའི་འཚོ་གནས་དང་། རིག་གཞུང་། ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་བྱས་ཡོད་པ་སོགས་ལས་དོན་ཁག་ ༡༧ ཟུར་འདོན་བྱས་འདུག

ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབ་བྱས་པའི་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་(Tibet Policy act of 2002) ཀྱི་དམིགས་ཡུལ་ནི་ཨ་རིས་བོད་མི་རྣམས་ཀྱིས་རང་གི་ངོ་བོ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་བྱེད་རྒྱུ་དང་། སྲིད་བྱུས་དེའི་དགོངས་དོན་གཞིར་བཟུང་ཨ་རིའི་སྲིད་འཛིན་དང་རྒྱལ་སྲིད་དྲུང་ཆེ་རྣམ་གཉིས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ཐད་གྲོས་མཐུན་ཡོང་ཆེད་༧གོང་ས་མཆོག་གམ། ཡང་ན་ཁོང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་དགོས་པའི་སྐུལ་སློང་བྱེད་དགོས་པ་མ་ཟད། གལ་ཏེ་གྲོས་མཐུན་འབྱུང་ཚེ་ཕྱོགས་གཉིས་ཀྱིས་གྲོས་མཐུན་གཞིར་བཟུང་ལག་ལེན་བསྟར་གྱི་ཡོད་མེད་གཟིགས་རྟོག་བྱེད་དགོས་པ་ཡིན། དེ་བཞིན་ཨ་རིའི་སྲིད་འཛིན་མཆོག་ནས་ཟླ་བ་ ༡༢ རེའི་ནང་གྲོས་ཚོགས་ཀྱི་ཚོགས་ཆུང་ལ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཆེད་ཕྱག་ལས་གང་གནང་ཡོད་མེད་དང་། གྲོས་མོལ་གྱི་གནས་བབ་ཇི་ཡིན་སྐོར་ནས་སྙན་ཐོ་ཞིག་འབུལ་དགོས་ཀྱི་ཡོད་པ་དང་། སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུར་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ངོས་ནས་བོད་ནང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་གོང་འཕེལ་བཅས་ཀྱི་གནས་སྟངས་ལ་དོ་དམ་རྟོག་ཞིབ་བྱེད་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་ལས་ཁུངས་ཤིག་ཆེད་འཛུགས་ཡོང་བར་འབད་བརྩོན་བྱེད་དགོས་པ་དང་། ད་དུང་ཨ་རིའི་འཛིན་སྐྱོང་ལས་ཁུངས་ནང་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ཞིག་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༩/༠༦/༢༠

Leave a Reply

3 thoughts on “ཊོམ་ཕུ་གཞུང་གིས་བོད་དོན་འཐུས་ཤོར་ཕྱིན་འདུག་ཟེར།

  1. ཊོམ་ཕུ་གཞུང་གིས་བོད་དོན་འཐུས་ཤོར་ཕྱིན་འདུག་ཟེར། 😂 ཨ་རིའི་གྲོས་ཚོགས་ནང་་་ ཧ ཧ བོད་ཀྱི་ལོ་གསར་སྲུང་རྩིས་ཞུ་པ་རེད། 😂 ༧འཁྲུངས་སྐར་སྲུང་རྩིས་ཞུ་པ་རེད། 😂 བོད་ལ་འགྲོ་འོང་འདྲ་མཉམ་གྱི་སྲིད་འཛིན་མཚན་རྟགས། 😂 ཧ ཧ སྟོང་པའོ། རྒྱལ་སྤྱིའི་འཛམ་གླིང་གསར་འགྱུར་ཁག་ལ་མཐོང་རྒྱུ་ནི་མིན་འདུག ཨ་རིའི་བོད་དོན་ལས་འགུལ་ཁང་ ཧེ ཧེ Time Past VOA ཧེ ཧེ Time Past སྲིད་སྐྱོང་ ཧེ ཧེ Time Past ད་འདི་ལས་་་ 🌼🙏༄། །གངས་རི་རྭ་བའི་སྐོར་བའི་ཞིང་ཁམས་དེར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །། ད་ཁོང་ལས་ལྷག་པ་མེད་དོ། ངེད་ཅག་བོད་པ་ཚང་ མིའི་རྣམ་སྤྱོད་ཡོད་ན་ རིག་པ་སྒྲིམ་ཤོག ཨ།