ཧི་མ་ཅལ་ནང་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་མི་ ༤༤ རྐྱེན་འདས་སུ་སོང་།

ཕྱི་ནང་གཉིས་སུ་ཁྱོན་འགྲུལ་བ་ ༧༠ ལྷག་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཧི་མ་ཅལ་ཀུ་ལུ་རྫོང་གི་ཉེ་འགྲམ་ཞིག་ནས་གཡང་ལ་ལྷུང་སྟེ་ཉུང་མཐར་འགྲུལ་བ་ ༤༤ རྐྱེན་འདས་དང་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུགརྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་(Kullu)རྫོང་དང་ཐག་ཉེ་བའི་བྷན་རྗར་ཊི་ཧཱ་སིལ་(Banjar tehsil)ཞེས་པའི་རི་ལམ་ཞིག་ཏུ། སྒེར་གཉེར་སྤྱི་སྤྱོད་རླངས་འཁོར་ཞིག་རི་ངོས་ཀྱི་མཐོ་ཚད་ཧྥི་ཊི་ ༥༠༠ ལྷག་ནས་གཡང་ལ་ལྷུང་སྟེ།  ཁྱོན་འགྲུལ་བ་ ༧༠ ལྷག་ཡོད་པའི་ནང་ནས་ཉུང་མཐར་མི་གྲངས་ ༤༤ རྐྱེན་འདས་དང་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ཉེན་རྟོག་ཕྱོགས་ནས་རླངས་འཁོར་ནང་དུ་མི་གང་ཡོད་པ་མ་ཟད། རླངས་འཁོར་སྒང་ལའང་མི་མང་པོ་ཞིག་བསྡད་ཡོད་སྐོར་བརྗོད་འདུག

ཀུ་ལུ་རྫོང་གི་ཉེན་རྟོག་དཔོན་ཞཱ་ལི་ནི་(Shalini Agnihotri)ཡིས་གསར་འགོད་པར། ང་ཚོས་གནས་ཚུལ་ཐོས་མ་ཐག་ཉེན་སྐྱོབ་རུ་ཁག་ཆེད་གཏོང་གིས་རྨས་སྐྱོན་ཕོག་པ་ཚོ་དེ་མ་ཐག་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཐེངས་འདིར་རླངས་འཁོར་ནང་རྐྱེན་འདས་དང་རྨས་སྐྱོན་ཕོག་པ་དག་ཀུ་ལུ་ཕྱོགས་ཀྱི་ས་གནས་འདྲ་མིན་ནས་ཡིན་པ་དང་། རླངས་འཁོར་དེ་ཀུ་ལུ་ནས་སྤྱི་ལེ་ ༦༠ ཡོད་པའི་གྷ་དྷ་གྷོ་ཤིན་ནེ་(Gada Gushaini)ཕྱོགས་སུ་འགྲོ་མཁན་ཞིག་ཡིན་པ་དང་། རྐྱེན་འདས་ཀྱི་གྲངས་འབོར་འཕར་སྲིད་སྐོར་བརྗོད་འདུག

རླངས་འཁོར་བརྡབ་སྐྱོན་ཁྲོད་མི་གྲངས་མང་པོ་རྐྱེན་འདས་སུ་སོང་བར་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་ཊེ་ཊིར་སྤྱི་ཚོགས་དྲ་ལམ་བརྒྱུད། རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་མི་གྲངས་མང་པོ་རྐྱེན་འདས་སུ་སོང་བར་བློ་ཕམ་ཆེན་པོ་བྱུང་བ་དང་། ངས་འདས་པོ་རྣམས་ཀྱི་ནང་མི་གཉེན་ཉེ་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། ཧི་མ་ཅལ་མངའ་སྡེ་གཞུང་གིས་ཐེངས་འདིའི་དོན་རྐྱེན་ཐད་རོགས་རམ་ག་རེ་དགོས་ཀྱང་མཁོ་སྤྲོད་གནང་རོགས་ཞེས་གསུངས་འདུག

དེ་བཞིན་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་(Jai Ram Thakur)མཆོག་གིས་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ལ་བློ་ཕམ་ཆེན་པོ་བྱུང་བ་དང་། དོན་རྐྱེན་བྱུང་ཡུལ་དུ་སྐུ་ཚབ་བཏང་ཡོད་པ་དང་། ཀུ་ལུ་རྫོང་གིས་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་དང་རྨས་སྐྱོན་ཕོག་པའི་ནང་མི་རེ་རེར་ཧིན་སྒོར་ཁྲི་ ༥ རེ་སྤྲོད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་དང་། རྗེས་ཕྱོགས་ཀྱང་རྨས་སྐྱོན་ཕོག་པ་ཚོར་རོགས་རམ་གནང་རྒྱུ་ཡིན་སྐོར་གསུངས་འདུག

རྒྱ་གར་ཧི་མ་ཅ་མངའ་སྡེ་ནི་རི་ཁུལ་དུ་ཡོད་པ་དང་། ཆར་ཆུ་འབབ་ཚད་ཤུགས་ཆེ་བ་དང་རི་ལམ་ཕྲ་བ། ཀྱག་ཀྱོག་ཆེ་བ་སོགས་ཀྱིས་རླངས་འཁོར་གཡང་ལ་ཟེགས་པའི་གནས་ཚུལ་བསྟུད་མར་བྱུང་གི་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡༡ ནང་རླངས་འཁོར་ཞིག་གཡང་ལ་ལྷུང་སྟེ་འགྲུལ་བ་  ༩ རྐྱེན་འདས་དང་མི་ ༤༦ ལ་རྨས་སྐྱོན་བྱུང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༤ པའི་ནང་ཀང་རཱ་རྫོང་ཁོངས་ཀྱི་སློབ་གྲྭའི་རླངས་འཁོར་ཞིག་གཡང་ནས་མཆོངས་ཏེ། ཁྱོན་འགྲུལ་བ་  ༤༥ ཙམ་ཡོད་པའི་ནང་ནས་ལོ་ན་ ༧ ནས་ ༡༥ བར་གྱི་སློབ་མ་ ༢༧ དང་། དགེ་རྒན་ ༢ ། དེ་བཞིན། ཁ་ལོ་བ་བཅས་ཁྱོན་མི་གྲངས་  ༣༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༢༡

Leave a Reply

One thought on “ཧི་མ་ཅལ་ནང་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་མི་ ༤༤ རྐྱེན་འདས་སུ་སོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨོམ་མ་ཎི་པདྨེཧུང་་་་་་་་་་་་་་་་་དུས་མིན་འཆི་བ་ཟློག་པའི་
    མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།