ཐའེ་ཝན་གྱི་སྐྱབས་བཅོལ་བར་གཏན་སྡོད་ཐོབ་ཐང་སྤྲོད་རོགས།

འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོར་བོད་མི་སོགས་སྐྱབས་བཅོལ་བ་ས་ཡ་ ༢༥ ཙམ་ཡོད་པ་ཚོར་རོགས་རམ་བྱེད་པའི་འགན་འཁྲི་ཡོད་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་དང་བསྟུན། ཐའེ་ཝན་གྱི་དམངས་གཙོ་ཡར་སྐུལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་སྤྱི་དམངས་ཚོགས་པ་ཁག་ཅིག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཐའེ་ཝན་ནང་གི་བོད་མི་སོགས་སྐྱབས་བཅོལ་བ་རྣམས་ལ་གཏན་སྡོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་འདུག

གསར་འགོད་གསལ་བསྒྲགས་དེའི་སྐབས་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲེའུ་ཨེ་ལིང་ (Chiu Ee-ling) ལགས་ཀྱིས། སྐྱབས་བཅོལ་བའི་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབ་མ་བྱུང་ཚེ་ང་ཚོར་བློ་འཚབ་ཡོད། ལོ་རྗེས་མའི་ཕྱི་ཟླ་དང་པོའི་རྒྱལ་ཡོངས་འོས་བསྡུའི་རྗེས་ཁྲིམས་འཆར་བསྐྱར་དུ་འགྲོ་དགོས་རེད། ལོ་ལྟར་རྒྱ་ནག་དང་ཧོང་ཀོང་། བོད་དང་སི་རི་ཡ། ཏུར་ཀི་སོགས་རྒྱལ་ཁབ་གཞན་ནས་ཐའེ་ཝན་ནང་སྐྱབས་བཅོལ་བ་འབྱོར་གྱི་ཡོད་ནའང་། མང་པོ་ཞིག་རྒྱལ་ཁབ་སོ་སོར་ཕྱིར་ལོག་གཏོང་གི་ཡོད་ལ། འགའ་ཤས་ལ་སྐྱབས་བཅོལ་བའི་ཐོབ་ཐང་མ་རག་པར་ཁྲིམས་འགལ་ཐོག་ཐའེ་ཝན་ནང་སྡོད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཐའེ་ཝན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨེ་ནི་ཧོང་ (Annie Huang) ལགས་ཀྱིས། ད་སྔ་འཛམ་གླིང་ནང་སྐྱབས་བཅོལ་བ་ས་ཡ་ ༢༥ ཙམ་ཡོད་པ་དང་། དཔལ་འབྱོར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོར་སྐྱབས་བཅོལ་བར་རོགས་རམ་བྱེད་པའི་འགན་འཁྲི་ཡོད་པ་དང་། དོན་དངོས་ཀྱི་དཀའ་ངལ་ནི་སྐྱབས་བཅོལ་བ་མིན་པར། རྒྱལ་ཁབ་གང་དེས་རང་ཉིད་ཀྱི་མི་སེར་རང་ཁྱིམ་ནས་འགྲོ་དགོས་བྱུང་བ་བཟོས་པ་དང་ཁོང་ཚོའི་རིན་ཐང་མ་རྟོགས་པ་དེ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༠༥ ལོར་དམངས་གཙོ་ཡར་སྐུལ་ཚོགས་པའི་གྲོས་ཚོགས་འཐུས་མིས་ཐོག་མར་གྲོས་ཚོགས་སུ་སྐྱབས་བཅོལ་བའི་ཁྲིམས་འཆར་ཞིག་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཁྲིམས་འཆར་དེ་གལ་གནད་ཆེ་བའི་ཁྲིམས་འཆར་ཁུངས་སུ་བཞག་ཡོད་འདུག་ནའང་། ཕྱི་ལོ་ ༢༠༡༦ བར་དུ་གྲོས་ཚོགས་རྭ་བའི་ནང་བསླེབས་ཡོད་མི་འདུག་ལ། ད་བར་གྲོས་ཚོགས་ནང་ཁྲིམས་གཞིར་གཏན་འབེབ་གནང་ཐུབ་ཡོད་མི་འདུག

དམངས་གཙོ་ཡར་སྐུལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཡུ་མེ་ཉུ་ (Yu Mei-nu) ལགས་ཀྱིས། ཐའེ་ཝན་གྱི་སྐྱབས་བཅོལ་བའི་ཁྲིམས་འཆར་དེ་གཏན་འབེབ་ཡོང་བར་ཧ་ཅང་དལ་བའི་རྒྱུ་རྐྱེན་ནི་སྐྱབས་བཅོལ་བ་དཔལ་འབྱོར་ཡར་རྒྱས་ཀྱི་འགག་རྡོ་ཞིག་ཡིན་པའི་བསམ་ཚུལ་ནོར་བ་ཞིག་སྤྱི་ཡོངས་ལ་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། མི་མང་ལ་དེའི་ཐད་ཀྱི་གོ་རྟོགས་སད་ཚེ། ཁྲིམས་འཆར་དེ་གཏན་འབེབ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཐའེ་ཝན་གྱི་རྩ་ཁྲིམས་ནང་སྐྱབས་བཅོལ་བའི་ཐོག་ཁྲིམས་གཞི་གཏན་འབེབ་མེད་ནའང་། ཐའེ་ཝན་གཞུང་ནས་གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཀྱང་གལ་སྲིད་གང་ཟག་ཞིག་ལ་རང་ཉིད་ཡོང་སའི་རྒྱལ་ཁབ་ནང་ཚེ་སྲོག་དང་རང་དབང་ལ་ཉེན་ཁ་འཕྲད་ཡོད་ཚེ། རྒྱལ་ཁབ་དེར་རྩིས་སྤྲོད་དང་ཕྱིར་འཕུད། ཐའེ་ཝན་ནས་སྡོད་དུ་མ་བཅུག་པ་བཅས་བྱས་ཆོག་གི་མེད་པ་གསལ་ཡོད་འདུག ཉེ་ཆར་ཀོང་ཧོང་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་གྲོས་ཚོགས་ནང་བྱུང་བ་ནས་བཟུང་། ཧོང་ཀོང་བ་མང་པོ་ཞིག་ཐའེ་ཝན་ནང་བྲོས་བྱོལ་དུ་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཐའེ་ཝན་གཞུང་ནས་མཐོང་མཆན་ཕྱིར་འགྱངས་བྱེད་ཀྱི་ཡོད་པ་ལས་སྐྱབས་བཅོལ་བར་ངོས་འཛིན་བྱེད་ཀྱི་མེད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༡

Leave a Reply