ཧོང་ཀོང་གི་སློབ་གསོའི་ལམ་ལུགས་མ་འགྲིག་པ་རེད།

སངས་རྒྱས་དཀོན་མཆོག བོད་ཀྱི་དུས་བབ།

རྒྱ་ནག་མི་མང་བཅིངས་གྲོལ་དམག་སྤྱི་དང་རྒྱ་ནག་བདེ་སྲུང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞེའུ་ཡཱན(Xu Yan)ཟེར་བ་ཞིག་གིས། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༥ ཉིན་རྒྱ་ནག་ཁྲིན་ཏུའུ་རུ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་གྲགས་ཅན་དགེ་རྒན་གྱི་ལོ་འཁོར་ཚོགས་ཆེན་སྟེང་། ཧོང་ཀོང་གི་གནས་བབ་དང་འབྲེལ་བའི་གཏམ་བཤད་ཅིག་ཡིན་པ་དང་། ཉེ་སྔོན་ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་རྒོལ་ཡར་ལངས་དང་འབྲེལ་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གཙོའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བསྐྱར་སྤེལ་གྱིས་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད། རྒྱ་ནག་ལ་མཚོན་ན་བོད་དང་ཡུ་གུར་གཉིས་ཀྱི་གནད་དོན་དེ་རྒྱ་ནག་གི་ཞན་ཆ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་ལས་ཀྱང་ཧོང་ཀོང་ནང་དུ་ཉི་གདུགས་གསར་བརྗེ་ཟེར་བ་ཞིག་བྱུང་ཡོད་པ་དང་། དེས་ཧོང་ཀོང་རང་བཙན་གྱི་གནད་དོན་བྱུང་གི་ཡོད་པ་དང་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་མི་དགའ་མཁན་ཚོས་ཧོང་ཀོང་གི་ཟིང་འཁྲུག་དེ་རྒྱ་ནག་གཞུང་ལ་ཁ་གཏད་བཅག་ཐབས་སུ་སྐུལ་སློང་བྱེད་བཞིན་ཡོད་པ་རེད། ཧོང་ཀོང་གི་ན་གཞོན་ཚོས་གང་བྱུང་ཟིང་འཁྲུག་སློང་བཞིན་ཡོད་པ་རེད། དཀའ་རྙོག་དེའི་འབྱུང་རྐྱེན་ན་གཞོན་ཚོའི་ཕ་མ་རྣམས་ཡག་པོ་མེད་པ་དང་ཁོ་ཚོར་སྤྲོད་བཞིན་པའི་ཤེས་ཡོན་དེ་ཡང་དཀའ་རྙོག་གཞན་ཞིག་ཆགས་ཡོད་པ་རེད།

ང་ཚོས་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་དབྱིན་ཇིའི་ལག་ནས་ཕྱིར་ལེན་སྐབས་ང་རང་ཡང་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་མགོ་འཁྲིད་ཚོ་དང་ཧོང་ཀོང་གི་དམག་དང་མཉམ་དུ། ཧོང་ཀོང་སྤྱི་ཚོགས་ཀྱི་གནས་བབ་ལ་རྟོག་ཞིབ་ཆེད་མཉམ་ཞུགས་བྱས་པ་ཡིན། མགོ་འཁྲིད་མའོ་ཡིས་ས་ཁུལ་ཞིག་ལ་བརྟག་ཞིབ་བྱེད་སྐབས། ཐོག་མར་ས་ཁུལ་དེའི་སྤྱི་ཚོགས་གནས་བབ་དང་གྲལ་རིམ་ལ་དབྱེ་ཞིབ་བྱེད་དགོས་པ་བརྗོད་ཡོད།  དྲང་མོར་བཤད་ན་ཧོང་ཀོང་སྤྱི་ཚོགས་ཀྱི་བརྟན་བརླིང་དེ་རྒྱ་ནག་ཡོངས་ནས་སྡུག་ཤོས་དང་ཐ་ན་ཐའེ་ཝན་ལས་ཀྱང་སྐྱོ་བ་ཡོད་པ་དང་། ཐའེ་ཝན་ནང་དུ་དོན་དངོས་སུ་རྒྱ་ནག་གུང་ཁྲན་ཏང་ལ་མི་དགའ་མཁན་དང་ཁ་གཏད་གཅོག་མཁན་དེ་ཙམ་མང་པོ་མེད་པ་རེད། ཐའེ་ཝན་མི་སེར་གྱི་བརྒྱ་ཆ་ ༨༠ ཡིས་རྒྱ་ནག་གུང་ཁྲན་ཏང་ལ་འགལ་ཟླའི་བསམ་ཚུལ་མི་འཛིན་པ་དང་། དེ་མིན་གྱི་བརྒྱ་ཆ་ ༢༠ དེ་སྔོན་མར་གོ་གུང་ནང་འཁྲུག་སྐབས་སུ་ཐའེ་ཝན་ལ་ཕྱིན་ཏེ་རྗེས་སུ་དམག་མི་ཆགས་ནས་འཚོ་བ་རོལ་མཁན་དག་རེད།

ཧོང་ཀོང་ནི་དེ་ལས་ལྡོག་སྟེ་ཁྱད་པར་ཆེན་པོ་ཡོད་པ་རེད། ང་ཚོས་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་མེས་རྒྱལ་ལ་ཕྱིར་ལེན་སྐབས་ཧོང་ཀོང་གི་ས་ཁུལ་དང་སྤྱི་ཚོགས་གནས་སྟངས་ལ་བརྟག་ཞིབ་བྱེད་སྐབས། ཧོང་ཀོང་ནང་དུ་སྤྱི་ཚོགས་ལ་དབྱེ་བ་གསུམ་ཞིག་ཡོད་པ་དང་དབྱེ་བ་དང་པོ་དེ་ཧོང་ཀོང་རང་ནས་སྐྱེས་འཚར་བྱུང་བ་དག་ཡིན་པ་དང་། དེ་དག་གི་རིགས་བརྒྱུད་དང་ཤེས་ཡོན་ལམ་ལུགས་ཡོངས་དབྱིན་ཇིའི་ཧོང་ཀོང་ལམ་ལུགས་གཞིར་བཞག་ནས་འཚར་ལོངས་བྱུང་བ་དང་། མི་དེ་དག་ཁེངས་དྲག་ཆེན་པོ་ཡོད་པ་མ་གཏོགས་རྒྱ་ནག་གུང་ཁྲན་ཏང་ལ་མི་དགའ་བ་དེ་ཙམ་ཡོད་པ་མ་རེད། སྤྱི་ཚོགས་དབྱེ་བ་གཉིས་པ་དེ་སྡུག་ཤོས་ཡིན་པ་དང་ཁོ་ཚོ་ཕྱི་ལོ་ ༡༩༤༩ ནས་ ༡༩༥༠ བར་གུང་ཁྲན་ཏང་གིས་གཙང་ཕྱག་དང་ཕྱིར་འཕུད་བཏང་ཏེ་རྩ་མེད་བཟོས་པ་རྣམས་རེད། མི་དེ་དག་གི་ཤ་ཁྲག་ནང་རྒྱ་ནག་གུང་ཁྲན་ཏང་ལ་སྡང་ཟུག་ཆེན་པོ་ཡོད་པ་རེད། གསུམ་པ་དེ་ཕྱི་ལོ་ ༡༩༥༩ ནས་ ༡༩༦༡ བར་རྒྱ་ནག་ནང་ལོ་གསུམ་ལ་མུ་གེའི་དཀའ་སྡུག་མྱོང་མཁན་དང་རིག་གནས་གསར་བརྗེ་སྐབས་ཧོང་ཀོང་ནང་བྲོས་བྱོལ་ལ་འགྲོ་མཁན་དག་ཡིན་པ་དང་། ཁོ་ཚོར་ཡང་རྒྱ་ནག་གུང་ཁྲན་ཏང་ལ་ལྟ་ཚུལ་ཡག་པོ་ཡོད་པའི་རེ་བ་བྱེད་མི་ཐུབ་པ་ཞིག་རེད།

ཕྱིར་རྩིས་ཤིག་བརྒྱབ་པ་ཡིན་ན། ང་ཚོས་ཧོང་ཀོང་ཕྱིར་བླངས་རྗེས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་ཡོད་པ་རེད། དེ་ནི་ང་ཚོས་དབྱིན་ཇིའི་གཞུང་དང་འཛམ་གླིང་ལ་ཧོང་ཀོང་གི་གནས་བབ་ཐད་འགྱུར་བ་གང་ཡང་མི་གཏོང་བའི་ཁ་ཆད་བཞག་པ་དེ་རེད། གལ་ཏེ་མི་སེལ་སྤེལ་བའི་རིང་ལུགས་མིན་པ་ཞིག་ཆགས་དགོས་ན་གནད་དོན་དེ་ག་འདྲ་བྱས་ནས་ཡོང་ཐུབ་པ་རེད། ང་ཚོས་ཧོང་ཀོང་ཕྱིར་བླངས་ནས་ལོ་ངོ་ ༢༠ རྗེས་ཧོང་ཀོང་བའི་སློབ་གསོའི་ལམ་ལུགས་ཁྲོད་ད་དུང་དབྱིན་ཇིའི་མངའ་དབང་སྐབས་ཀྱི་སློབ་དེབ་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། དེར་མ་ཟད་ང་ཚོས་དབྱིན་ཇིའི་སློབ་གསོའི་ལམ་ལུགས་ཀྱི་སློབ་དེབ་བསྒྱུར་བཅོས་གཏོང་སྐབས་ཧོང་ཀོང་གི་ཕ་མ་ཚོས་དེ་ལྟར་བྱེད་བཅུག་གི་མེད་པ་རེད། དེ་ནི་སློབ་ཕྲུག་དང་ན་གཞོན་ཚོ་ངན་པ་ཡིན་སོང་བ་མིན་པར་ཁོ་ཚོའི་ཕ་མ་དག་ངན་སོང་བ་རེད། ཁོ་ཚོའི་ཕ་མ་དག་གིས་ལོ་ངོ་ ༢༠ ལྷག་གི་རྗེས་ད་དུང་ང་ཚོར་སློབ་དེབ་ཙམ་བསྒྱུར་བཅོས་གཏོང་བཅུག་གི་མེད་པ་རེད།

དེར་བརྟེན་ཧོང་ཀོང་གི་ན་གཞོན་ཚོས་ག་རེ་བྱས་ཏེ་ཟིང་འཁྲུག་སློང་བཞིན་ཡོད་པ་རེད། ཁོ་ཚོས་སློབ་གསོ་དེ་དངོས་ནས་ཡག་པོ་མེད་པ་དང་སློབ་གསོའི་ལམ་ལུགས་དེ་དཀའ་ངལ་ཆེ་ཤོས་ཤིག་ཆགས་བཞིན་ཡོད་པ་རེད། ངས་བསམ་ན་གནད་དོན་དེའི་ཐད་ད་ལྟ་ང་ཚོས་ལག་ལེན་ཞིག་བསྟར་བའི་དུས་ཚོད་ལ་བསླེབས་ཡོད་པ་དང་། གནད་དོན་དེས་འདས་པའི་དུས་ཚོད་ནང་ང་ཚོར་སློབ་གསོ་ཡག་པོ་ཞིག་རག་ཡོད་པ་རེད། དེ་ནི་ང་ཚོས་ལམ་ལུགས་གཉིས་ཟེར་བར་དོ་ནན་བྱས་པ་ལས་རྒྱལ་ཁབ་གཅིག་ཟེར་བ་སྣང་མེད་བཞག་པས་མ་རེད་དམ། འདས་ལོར་ལྕམ་ཀེར་ལམ་(Carrie Lam)ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསླེབས་རྗེས། ངས་བསམ་ན་ཁོ་མོས་ལས་དོན་གཉིས་ཧ་ཅང་ཡག་པོ་གཉེར་ཡོད་པ་རེད། དང་པོ་དེར་ཧོང་ཀོང་ནང་ཡར་ལངས་དང་ཟིང་འཁྲུག་སློང་མཁན་ཚོ་འཛིན་བཟུང་བཙོན་བཅུག་བྱས་ཡོད་པ་དང་། གཉིས་པ་དེ་ཁོ་མོ་སྤྱི་ཁྱབ་ཆགས་པའི་ལོ་རྗེས་མ་ནས་ཧོང་ཀོང་གི་སློབ་གསོའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་ཐབས་མགོ་འཛུགས་བྱས་ཡོད་པ་རེད།

ཁོ་ཚོས་རྒྱ་ནག་གི་སློབ་གསོའི་ལམ་ལུགས་ཀྱི་སློབ་དེབ་བེད་སྤྱོད་མ་བྱས་པར་དབྱིན་ཇིའི་བཙན་བཟུང་སྐབས་ཀྱི་སློབ་དེབ་ག་རེ་བྱས་ནས་བེད་སྤྱོད་གཏོང་དགོས་པ་རེད། དེ་རིང་འདིར་འཛོམས་པ་ཁྱེད་ཚོ་ཚང་མ་ཤེས་ཡོན་པ་རྐྱང་རྐྱང་རེད། ང་ཚོས་ཧོང་ཀོང་གི་མི་དེ་དག་ཤེས་ཡོན་ཅན་བཟོ་དགོས་པ་རེད། ཁྱེད་རྣམས་ཀྱིས་ཤེས་གསལ་ལྟར་གལ་ཏེ་ཁྱེད་ཅག་གིས་མི་དེ་དག་ཤེས་ཡོན་པར་བསྒྱུར་འདོད་ན་དེ་ནི་ལོ་གཅིག་དང་གཉིས་ཙམ་ནང་ལེགས་འགྲུབ་བྱུང་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ཤེས་ཡོན་སློབ་གསོ་ནི་དུས་ཡུན་རིང་བོར་སྒྲུབ་དགོས་པའི་གནད་དོན་ཞིག་རེད།

མཆན། གཏམ་བཤད་འདི་དུས་ཡུན་སྐར་མ་ ༩༠ ཅན་ཞིག་ཡིན་པ་དང་། སྐབས་དེའི་ཚོགས་ཆེན་སྟེང་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་དགེ་རྒན་དང་ཤེས་ཡོན་པ་སོགས་མི་གྲངས་ ༢༠༠༠ ལྷག་འཛོམས་ཡོད་པ་དང་། སྐབས་དེར་ཁོས་རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་དང་འབྲེལ་ཧོང་ཀོང་གི་སྐོར་ལ་བཤད་པའི་ཚན་པ་ཞིག་ཡིན་པ་དང་། ཁོའི་གཏམ་བཤད་ལ་ཧོང་ཀོང་མི་མང་ཁྲོད་དྲ་ལམ་ཁག་ཏུ་ངོ་རྒོལ་དང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བ་ནི་ཕྱི་ཚུལ་ཙམ་ཡིན་པ་སོགས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། མང་པོ་ཞིག་གིས་བརྙན་དེ་དང་འབྲེལ་རྒྱ་ནག་གཞུང་གི་མཐར་ཐུག་གི་རྨི་ལམ་ཧོང་ཀོང་དམར་ཤོག་ཚོགས་པའི་འོག་ལ་བཅུག་རྒྱུ་དེ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།  

བསྐྱར་བཅོས།: ༢༠༡༩/༠༦/༢༡

Leave a Reply

2 thoughts on “ཧོང་ཀོང་གི་སློབ་གསོའི་ལམ་ལུགས་མ་འགྲིག་པ་རེད།

  1. གཏམ་བཤད་གནང་མཁན་ཁོང་གིས་རྒྱ་ནག་གིས་དུས་ནས་དུས་སུ་གསང་བ་བྱས་ནས་གཡོ་རྒྱུའི་འོག་ལས་ཀ་བྱེད་བཞིན་པ་དེ་ཁོས་དམར་རྗེན་དུ་བཤད་པ་ཙམ་རེད། འདི་བདེན་པ་ཞིག་རེད། རྒྱ་ནག་གིས་དམིགས་ཡུལ་ངོ་མ་འདི་རེད། ད་དུང་འདི་ཐོག་འགྲོ་རྒྱུ་ལ་ཉེན་ཁ་མེད་པ་མ་རེད། ངེས་པར་སློབ་ཕྲུག་ཚོས་ངོ་རྒོལ་བྱེད་འོས་པ་དང་བྱེད་དགོས་པ་རེད། མ་ཟད་ཧོང་ཀོང་མ་དམངས་ཡང་རྒྱའི་བཙན་འོག་ཏུ་འགྲོ་འདོད་མེད་ན་ད་ལེན་ངེས་པར་ལས་འགུལ་སྤེལ་དགོས་པ་གལ་ཆེན་རེད། མ་ཟད་ཨ་རི་གཞུང་ལ་ཡང་འབྲེལ་བ་བྱས་ནས་སྔོན་མ་ཧོང་ཀོང་རྒྱ་ནག་ལ་1997་ལོར་རྩིས་སྤྲོད་སྐབས་ཕན་ཚུན་སྐད་ཆ་གང་བཤད་ཡོད་ད་བར་རྒྱ་གཞུང་གིས་དེ་ངོས་ལེན་མི་བྱེད་ན་ད་དུང་ཨ་རི་ཁ་རོགས་འདུག་ཡིན་ནམ་ངེས་པར་ཨ་རི་ལ་ལན་གསལ་བོ་སྤྲོད་དགོས་པ་ཞགི་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཧོང་ཀོང་མི་མང་གི་རང་དབང་ལ་འཐབ་རྩོད་བྱེད་པ་དེ་ནི་འཛམ་
    གླིང་མཉམ་སྦྲེལ་རྒྱལ་ཚིགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་
    འགྲོ་བ་མིའི་ཐོབ་ཐང་ལ་འགན་འཁུར་བ་ཞིག་རེད།།