བོད་སྐད་ཡིག་ལ་དོ་འཁུར་ཅན་གྱི་བོད་ཕྲུག་ ༡༠ ལ་བྱ་དགའ་ཐོབ།

བྱང་ཨ་རིའི་ནང་ཡོད་པའི་རང་ལོ་ ༦ ནས་ ༡༧ བར་གྱི་བོད་སྐད་བོད་ཡིག་ལ་དོ་འཁུར་ཅན་གྱི་བོད་ཕྲུག་ ༡༠ ལ་ཨ་སྒོར་ ༢༠༠ རེའི་བྱ་དགའ་ཐོབ་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩས། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་ཟུང་སྦྲེལ་གྱིས་སྤེལ་བའི་ང་ཚོས་བོད་སྐད་ཐོག་སྐད་ཆ་ཤོད་ཀྱི་ཡིན་ཞེས་པའི་འདི་ལོའི་བོད་སྐད་ཡིག་འགྲན་སྡུར་གྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ཁྲོད་རང་ལོ་ ༦ ནས་ ༩ བར་གྱི་བོད་ཕྲུག་ ༥ དང་། རང་ལོ་ ༡༠ ནས་ ༡༧ བར་གྱི་བོད་ཕྲུག་ ༥ བཅས་ལ་ཨ་སྒོར་ ༢༠༠ རེའི་བྱ་དགའ་དང་། དེ་བཞིན་འགྲན་ཞུགས་པ་མཚམས་སྦྱོར་གནང་མཁན་ཚོགས་པ་གཉིས་ལ་ཨ་སྒོར་ ༡༠༠༠།༠༠ རེའི་བྱ་དགའ་ཐོབ་ཡོད་འདུག

ཐེངས་འདིའི་འགྲན་སྡུར་ཁྲོད་རང་ལོ་ ༦ ནས་ ༩ བར་གྱི་འགྲན་ཞུགས་པ་ཚོས་མི་རྒན་པ་ཞིག་དང་ལྷན་དུ་སྤྱིར་བཏང་སྐད་ཆ་ཤོད་རེས་བྱས་པའི་བརྙན་ཐུང་སྐར་མ་ ༣ ནས་ ༤ ཅན་རེ་བཟོས་ཡོད་པ་དང་། རང་ལོ་ ༡༠ ནས་ ༡༧ བར་ཡིན་མཁན་ཚོས་མི་རྒན་པ་ཞིག་དང་ལྷན་དུ་སྤྱིར་བཏང་སྐད་ཆ་ཤོད་རེས་བྱས་པའི་བརྙན་ཐུང་དང་མཉམ་དུ། དབུ་ཅན་ནམ་དབུ་མེད་གང་རུང་ཐོག་ཡིག་འབྲུ་ ༡༠༠ ནས་ ༡༥༠ བར་གྱི་གསར་རྩོམ་སྒྲུང་ཐུང་རེ་བྲིས་ཡོད་འདུག

ཨ་རིའི་བོད་ཀྱི་ཐེབས་རྩ་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་བྱ་དགའ་ཐོབ་མཁན་བོད་ཕྲུག་ཚོར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་བསྟུན།  མུ་མཐུད་ནས་བོད་སྐད་བོད་ཡིག་སློབ་སྦྱོང་ལ་འབད་བརྩོན་མི་ལྷོད་པ་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད།   རྒན་ལགས་རྣམ་པ་དང་། ཕ་མ་ཡོངས་ཀྱིས་སློབ་ཕྲུག་རྣམས་འགྲན་སྡུར་ནང་ཞུགས་རྒྱུར་འབོད་སྐུལ་དང་སེམས་ཤུགས་སྤར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

ཐེངས་འདིར་ལོ་ ༦ ནས་ ༩ བར་གྱི་བྱ་དགའ་ཐོབ་མཁན་རྣམས་ནི། ཨ་རིའི་མི་ནི་སུད་ཌར་(Minnesota)ནས་ཡིན་པའི་བསྟན་འཛིན་འཛོམས་པ་དང་། ཀ་ལེ་ཕོ་ནི་ཡ་(California)ནས་ཡིན་པའི་བསོད་ནམས་དབྱངས་འཛིན།  ཆི་སྒ་ཀོ་(Chicago)ནས་ཡིན་པའི་བསྟན་འཛིན་ནོར་དབྱངས།  ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་(Toronto)ནས་ཡིན་པའི་བསྟན་འཛིན་བཟང་པོ། པན་སི་ཝི་ནི་ཡ་(Pennsylvania)ནས་ཡིན་པའི་བསྟན་འཛིན་ཚེ་སྐྱིད་ཡིན་བཅས་ཡིན་འདུག

དེ་བཞིན་རང་ལོ་ ༡༠ ནས་ ༡༧ བར་གྱི་བྱ་དགའ་ཐོབ་མཁན་རྣམས་ནི། ཁཱ་ན་ཌའི་ཀྲོ་རོན་ཀྲོ་(Toronto)ནས་ཡིན་པའི་བསྟན་འཛིན་ཚེ་རིང་དང་། ཨ་རིའི་ཝི་ཅི་ནི་ཡ་(Virginia)ནས་ཡིན་པའི་བསྟན་འཛིན་བདེ་ལྡན།  མི་ནི་སུད་ཌར་(Minnesota)ཡིན་པའི་བསྟན་འཛིན་ཀུན་དགའ།  ཝི་སི་ཀིན་སིན་(Wisconsin)ནས་ཡིན་པའི་བསྟན་འཛིན་ནོར་རྒྱས། ཕན་སི་ཝི་ནི་ཡ་(Pennsylvania)ནས་ཡིན་པའི་བསྟན་འཛིན་དབང་རྒྱལ་བཅས་ཡིན་འདུག

གཞན་ཡང་། ཚོགས་པ་ཞིག་ནས་འགྲན་ཞུགས་པ་མཚམས་སྦྱོར་གནང་ཞིང་། རྒྱུགས་འབྲས་རྩེར་སོན་བཅུའི་ནང་བོད་ཕྲུག་གཅིག་ལས་མང་བ་ཚུད་པ་ཡིན་ན། མཚམས་སྦྱོར་གནང་མཁན་ཚོགས་པ་དེར་ཨ་སྒོར་ ༡༠༠༠།༠༠ རེའི་བྱ་དགའ་གནང་གི་ཡོད་པ་ལྟར། འདི་ལོར་ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པའམ་གངས་ལྗོངས་ཆོས་ལྡན་གླིང་རིག་གཞུང་བལྟི་གནས་ཁང་(Tibetan Canadian Culture Centre, Toronto)དང་། ཕི་ལ་རྡི་ཕི་ཡ་(Philadelphia)བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ལ་ཨ་སྒོར་ ༡༠༠༠།༠༠ རེའི་བྱ་དགའ་ཐོབ་ཡོད་འདུག

ང་ཚོས་བོད་སྐད་ཐོག་སྐད་ཆ་ཤོད་ཀྱི་ཡིན་ཞེས་པའི་བྱ་འགུལ་དེ་ནི་བྱང་ཨ་རིའི་ཁུལ་དུ་ཡོད་པའི་བོད་ཕྲུག་ཚོས་བོད་སྐད་སྒྲ་དག་གསལ་གསུམ་ཡོང་ཐབས་ཀྱི་ལས་གཞི་ཞིག་ཡིན་འདུག་པ་དང་། འགྲན་སྡུར་གྱི་གསལ་བསྒྲགས་ནང་ཆ་རྐྱེན་སྐོར་བཀོད་པ་ལྟར་ན། རང་ལོ་ ༦ ནས་ ༡༧ བར་ཡིན་དགོས་པ་དང་། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་བྱང་ཨ་རིའི་ནང་གཏན་སྡོད་བྱེད་མཁན་ཞིག་ཡིན་དགོས་ཀྱི་འདུག དེ་བཞིན་བོད་ཕྲུག་གང་མང་ལ་གོ་སྐབས་ཐོབ་ཆེད་དཔེར་ན་ཕྱི་ལོ་ ༢༠༡༩ ལོའི་འགྲན་སྡུར་ནང་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་བྱ་དགའ་ཐོབ་མཁན་ཚོ་མཉམ་ཞུགས་བྱེད་མི་ཆོག་པ་དང་། འགྲན་སྡུར་ནང་ཞུགས་མཁན་བོད་ཕྲུག་ཚང་མར་གློག་རྡུལ་ལག་ཁྱེར་(e-Certificate)རེ་དང་། བྱ་དགའ་ཐོབ་མཁན་ནང་བོད་ཕྲུག་གཅིག་ལས་མང་བ་ཚུད་པའི་མཚམས་སྦྱོར་བ་ཚོགས་པ་དེར་ཨ་སྒོར་ ༡༠༠༠།༠༠ དང་། དེ་བཞིན་མཚམས་སྦྱོར་བ་མི་སྒེར་ལ་ཨ་སྒོར་ ༡༠༠།༠༠ རེ་ཡི་བྱ་དགའ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༢༤

Leave a Reply

2 thoughts on “བོད་སྐད་ཡིག་ལ་དོ་འཁུར་ཅན་གྱི་བོད་ཕྲུག་ ༡༠ ལ་བྱ་དགའ་ཐོབ།

  1. Let’s Talk in Tibetan! ཞེས་བྲིས་འདུག What the shit are you talking about?
    གོ་སྒྲིག་བྱེད་མཁན་གྱིས་བོད་ཡིག་མ་བྲིས་པ་གང་ཡིན་ནམ།
    ཚོགས་པ་ཙག་ཙིག་འདི་ཚོ་དང་གཞས་པ་གཞས་མ་ཆང་ངེ་ཆུང་ངེ་འདི་ཚོས་བོད་སྐད་དང་བོད་ཡིག་སྦྱོངས་ལབ་ཀྱིན། ཁོ་རང་ཚོས་བོད་སྐད་ཡིག་འཕྲོ་བརླགས་གཏོང་གི་འདུག

  2. ༄།བོད་ཀྱི་སྐད་ཡིག་ཐོག་ལས་འགུལ་སྤེལ་མཁན་ལས་བྱེད་དང་མཉམ་ཞུགས་གནང་མཁན་སློབ་མ་ཡོངས་ལ་ཡིད་རང་ཞུ།འོན་ཀྱང་བསམ་ཚུལ་ཕུལ་རྒྱུ་ཞིག་ལ་མཉམ་ཞུགས་མཁན་སློབ་མ་རྣམས་ལ་ལུང་པའི་གནས་སྟངས་ལ་དཔག་པའི་སྒྲིག་འཛུགས་དང་ཆ་སྐྱེན་མང་གྲགས་འདུག་