སྤེན་པ་ཚེ་རིང་བལ་ཡུལ་གནམ་ཐང་ནས་ཕྱིར་ལོག་བཏང་།

རྒྱ་ནག་གཞུང་གིས་སྤེན་པ་ཚེ་རིང་ཞེས་པའི་མིང་དེ་ཆེས་དོགས་གཟོན་དགོས་པའི་མིང་ཐོ་ནག་པོའི་ནང་བཅུག་དགོས་པའི་བཀའ་བཏང་ཡོད་པ་ལྟར་བལ་གཞུང་གིས་བོད་མི་སྤེན་པ་ཚེ་རིང་ཞེས་པ་ཞིག་བལ་ཡུལ་གནམ་ཐང་ནས་ཨ་རིར་ཕྱིར་ལོག་བཏང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༤ ཉིན། བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་ནས་ཡིན་པའི་མིང་ལ་སྤེན་པ་ཚེ་རིང་ཞེས་པའི་བོད་མི་ཞིག་བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། བལ་ཡུལ་ཕྱི་མི་གནས་སྤོ་ལས་ཁུངས་ནས་བོད་མི་དེར་ཆུ་ཚོད་གཅིག་ཙམ་རིང་འདྲི་རྩད་བྱས་རྗེས། སྤེན་པ་ཚེ་རིང་ཞེས་པའི་མིང་དེ་༧གོང་ས་མཆོག་དང་འབྲེལ་བ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆེས་དོགས་གཟོན་བྱེད་དགོས་པའི་མིང་ཐོ་ནག་པོའི་ནང་ཡོད་སྐོར་བརྗོད་དེ། བོད་མི་སྤེན་པ་ཚེ་རིང་ཨ་རིའི་ནང་ཕྱིར་ལོག་བཏང་ཡོད་འདུག་ལ། བོད་མི་དེ་རང་ལོ་ ༥༣ ཡིན་ཞིང་།  ཨ་རིའི་ནེའུ་ཡོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བལ་ཡུལ་ནང་ཡོང་ཡོད་སྐོར་བཀོད་འདུག

གསར་འགྱུར་དེའི་ནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱི་པར་དང་། ཁོང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་སྐོར་སོགས་བཀོད་འདུག་པས། འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཞལ་པར་བརྒྱུད། སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱི་འབྲེལ་ཡོད་ཅིག་ལ་ཕྱིར་ལོག་བཏང་བའི་མི་དེ་སྐུ་ངོ་ཡིན་མིན་དྲིས་པར་ཁོང་གིས། སྐུ་ངོ་དྷ་རམ་ས་ལར་བཞུགས་བཞུགས་པ་རེད། བལ་ཡུལ་དུ་ཕེབས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

བལ་ཡུལ་ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་འགན་འཛིན་ཨེ་ཤོར་རཱ་ཇི་པོ་དྷིལ(Eshor Raj Poudel)གྱིས་གསར་འགོད་པར། སྤེན་པ་ཚེ་རིང་ཕྱིར་ལོག་བཏང་སྐོར་བརྗོད་པ་ཙམ་ལས་གང་ཡང་བཤད་མེད་པ་དང་། ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཀུ་མར་བྷ་ཧཱ་དྷར་ཁཱ་དྷག(Kumar Bahadur Khadka)གིས་གསར་འགོད་པའི་དྲི་བ་དྭང་ལེན་བྱས་མི་འདུག

གསར་ཁང་དེའི་གནས་ཚུལ་ནང་། གནད་དོན་བྱུང་སྐབས་ཡུལ་དངོས་སུ་ཡོད་མཁན་ཞིག་གིས། མི་དེས་ཨ་རིའི་ཡུལ་སྐོར་སྤྲོ་འཆམ་གྱི་ལག་འཁྱེར་འཁུར་ཡོད་པ་དང་། གནམ་ཐང་ནས་ཁོང་ལ་འདྲི་རྩད་སོགས་ཧ་ཅང་རྩུབ་པོ་བྱས་རྗེས་ཕྱིར་ཨ་རིར་གཏང་རྒྱུ་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

ཡང་བལ་ཡུལ་ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་འབྲེལ་ཡོད་ཅིག་གིས། དེ་སྔོན་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གིས་བལ་ཡུལ་ཕྱི་སྲིད་བློན་ཆེན་གྱི་མིང་ཐོག་ལ་ཡི་གེ་ཞིག་བསྐུར་ཏེ། མིང་ལ་སྤེན་པ་ཚེ་རིང་ཞེས་པའི་མི་དེ་བལ་ཡུལ་ནང་ཡོང་བར་བཀག་སྡོམ་དགོས་པ་དང་། མི་དེ་ཏཱ་ལའི་བླ་མ་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་སྟབས། ཁོས་བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་སྲིད་པས་དོགས་གཟོན་དགོས་སྐོར་བཀོད་མངགས་བྱས་པ་ལྟར། བལ་ཡུལ་ཕྱི་མི་གནས་སྤོར་ལས་ཁུངས་ཀྱིས་སྤེན་པ་ཚེ་རིང་ཞེས་པའི་མིང་དེ་རྒྱ་ནག་གཞུང་གི་ཆེས་དོགས་གཟོན་དགོས་པའི་མིང་ཐོ་ནག་པོའི་ནང་བཅུག་ཡོད་སྟབས། ད་ལན་འཕྲལ་དུ་སྤེན་པ་ཚེ་རིང་ཞེས་པའི་བོད་མི་དེར་འདྲི་རྩད་སོགས་བྱས་རྗེས། ཁཱ་ཌར་ (Qatar)རྒྱལ་ཁབ་ཀྱི་རྒྱལ་ས་དྷོ་ཧཱ་(Doha)གྲོང་ཁྱེར་བརྒྱུད་ཕྱིར་ཨ་རིར་བཏང་ཡོད་པ་དང་། སྤེན་པ་ཚེ་རིང་ལགས་དེ་སྔོན་ཕྱི་ལོ་ ༢༠༡༣ ལོར་བལ་ཡུལ་ནང་ཉིན་གསུམ་རིང་ཡོང་ཡོད་པ་དང་། ད་ལན་བལ་ཡུལ་ནང་ཡོད་པའི་ཁོ་རང་གི་གྲོགས་པོ་དང་གཉེན་ཉེ་འབྲེལ་སོགས་ལ་ཐུག་འཕྲད་ཆེད་ཡོང་བ་ཞིག་ཡིན་སྐོར་བརྗོད་འདུག

ཡང་བལ་ཡུལ་ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་འབྲེལ་ཡོད་གཞན་ཞིག་གིས། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལངས་ཕྱོགས་གཞིར་བཟུང་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། ཅིག་བྱས་ན་མི་དེའི་མིང་དང་རྒྱ་ནག་གིས་དོགས་གཟོན་བྱེད་ཀྱི་ཡོད་པའི་མི་ཞིག་གི་མིང་དང་གཅིག་པ་ཡིན་སྲིད། གང་ལྟར་བལ་ཡུལ་གྱི་ནང་སྲིད་བློན་ཆེན་གཙོའི་མཐོ་རིམ་མགོ་འཁྲིད་ཚོས་གྲོས་བསྡུར་བྱས་པ་བརྒྱུད་ཕ་རོལ་པོའི་བདེ་འཇགས་སོགས་ཀྱི་ཆེད་སྟབས་བདེ་བོའི་ངང་ཕྱིར་ཨ་རིར་གཏོང་རྒྱུ་ཐག་བཅད་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེའི་ནང་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྙན་ཐོའི་ནང་། བལ་ཡུལ་གཞུང་གིས་ཕྱི་ལོ་ ༡༩༩༠ ལོ་ནས་བལ་ཡུལ་ནང་འབྱོར་བའི་བོད་པ་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་ཀྱི་མེད་པ་མ་ཟད། མུ་མཐུད་བོད་པ་ཚོའི་རིག་གཞུང་དུས་སྟོན་དང་བོད་ཀྱི་ལོ་སར། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སོགས་སྲུང་གཙི་བྱེད་བཅུག་གི་མེད་པ་དང་། བལ་ཡུལ་གཞུང་གིས་འདས་པའི་ལོ་ངོ་ ༢༠ ཙམ་ནས་བཟུང་བོད་པ་སྐྱབས་བཅོལ་བ་ཚོར་ལག་འཁྱེར་ཡིག་ཆ་རིགས་གང་ཡང་སྤྲོད་ཀྱི་མེད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ནང་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལེ་(K.P. Sharma Oli)ཡིས་རྒྱ་ནག་ནང་གཞུང་འབྲེལ་སྐོར་སྐྱོད་དང་འབྲེལ། རྒྱ་ནག་གཞུང་གི་བརྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་ཡོད་པའི་མིང་རྟགས་བཀོད་པ་མ་ཟད། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་རྒྱབ་སྐྱོར་ཡོད་པའི་ཐོག བལ་ཡུལ་མངའ་ཁོངས་ནས་རྒྱ་ནག་ལ་གནོད་པའི་ངོ་རྒོལ་ལས་འགུལ་རིགས་རྩ་བ་ནས་སྤེལ་འཇུག་མི་སྲིད་ལ། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་ལ་ཧུར་ཐག་བྱ་རྒྱུ་ཡིན་སྐོར་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དང་བལ་ཡུལ་ནི་དཀའ་སྡུག་མཉམ་མྱོང་གི་ཁྱིམ་མཚེས་མཛའ་གྲོགས་རྒྱལ་ཁབ་གཉིས་ཡིན་པ་དང་།  རྗེས་ཕྱོགས་བལ་ཡུལ་དང་རྒྱ་ནག་བར་ཆབ་སྲིད་ཀྱི་འབྲེལ་ལམ་སྔར་ལས་ཚད་མཐོ་རུ་གཏང་སྟེ། ཕྱོགས་གཉིས་ཀྱི་ཁ་བྲལ་བ་དང་ངོ་རྒོལ་ཉེས་གསོག་པ་ཚོར་རྡུང་རྡེག་ཚ་ནན་བཏང་ནས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་ཚུལ་སོགས་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༢༥

Leave a Reply

8 thoughts on “སྤེན་པ་ཚེ་རིང་བལ་ཡུལ་གནམ་ཐང་ནས་ཕྱིར་ལོག་བཏང་།

  1. བློ་བཟང་བཟོད་པ།

    གནས་ཚུལ་གང་འདྲ་ཞིག་ཡིན་རུང་ཞིབ་དཔྱད་རྩད་སྤྱོད་དགོས་པ་ལས་གོ་ཐོས་ཙམ་གྱི་ཁྱབ་སྤེལ་བྱེད་མི་རུང་ལ། གནམ་ཐང་ནས་མི་མིང་འདྲ་མཚུངས་ལ་ཕྱིར་ལོག་དང། འདྲི་རྩད་བྱས་པ་ནི་ཡུལ་ཁྲིམས་འགལ་བའི་གནས་ཚུལ་འདྲ་མིན་ཡོང་ཆོག་པ་ཞིག་ཡིན་ལ། དེ་ཚོར་ལམ་སེང་རྒྱ་ནག་གི་གནོན་ཤུགས་དང། མིང་ཐོ་ནག་པོ་སོགས་བརྗོད་ནས་གལ་ཆེན་གནས་ཚུལ་རིགས་ཡིན་བསམ་ནས་སྤྱི་ཚོགས་ནང་འདྲོངས་ལངས་བྱེད་མི་ཉན་སོམས།

  2. ༄༅། ད་བལ་ཡུལ་དེ་རྒྱ་མིས་དཔལ་འབྱོར་སྤྲད་དེ་ཉོས་ཚར་བ་རེད། ད་ཆ་བོད་སྐྱིད་གྲོང་ཕྱོགས་ནས་བལ་ཡུལ་རྒྱལ་ས་བར་དང། ཡང་བོད་དབུས་ཕྱོགས་ནས་་་བལ་པོའི་ས་མཚམས་
    ཏ་ཏོ་པ་ནི་བརྒྱུད་་་བལ་ཡུལ་རྒྱལ་དང་་་རྒྱ་གར་ས་མཚམས་ཕྱོགས་སུ་་་རི་ལེའི་ལམ་ཀ་བཟོ་བཞིན་པ་རེད།

  3. ༄།གསར་འགྱུར་ཀློག་བཏང་མ་ཤེས་པ་ཡིན་ནམ་ཡང་ན་དོན་་དངོས་ཀྱི་གནས་ཚུལ་ཞིག་ཤེས་པ་ཡིན་།གསར་འགྱུར་གྱི་གཤམ་དུ་མཆན་འབྲི་མཁན་རྣམས་ཀྱི་བལ་ཡུལ་དུ་སོང་ཡོད་པ་གཞི་བཞག་ནས་བཤད་པ་འདི་ཡ་མཚན་རེད།ཚིག་བརྗོད་ལ་བལྟས་ན་སྐུ་ངོ་ཚོགས་ཟུར་ལ་རྒྱབ་སྐྱོར་ཡོད་པའི་ཁུལ་ནི་རེད་འདུག་གོ