རྒྱལ་མཚན་ནོར་བུ་ལགས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོཊ་ཀྱི་ཚོགས་གཙོར་བསྐོས།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ཚོགས་མི་སོགས་གསར་བསྐོ་དང་འབྲེལ་འཐུས་མི་ཚོས་ཁ་བྲལ་དང་ཕྱི་ལོག་གི་ཆོས་ལུགས་བེད་སྤྱོད་སིམ་འཛུལ་ལ་ངོ་རྒོལ་དགོས་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་༧པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཟེར་བའི་ཚོགས་གཙོར་བསྐོ་བཞག་དང་། གཞན་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་གསར་བསྐོས་དང་འབྲེལ། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་ཚོས་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན་ལ་གོང་བཀུར་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་སྐོར་བརྗོད་འདུག

རྒྱ་ནག་གཞུང་གི་གནས་ཚུལ་དེའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱལ་མཚན་ནོར་བུ་ལགས་ལྷ་སའི་གོང་དཀར་གནམ་ཐང་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཡན་ལག་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། བསོད་ནམས་རིག་འཛིན་ཟེར་བ་ཞིག་རྒྱུན་ལས་ཚོགས་གཞོན་དང་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་ཡན་ལག་གི་ཚོགས་གཞོན་གྲངས་ ༡༨ བསྐོས་ཡོད་པ་དང་།  ཁྱོན་བོད་ཀྱི་ཆོས་རྒྱུད་ཆེ་ཁག་ས་དགེ་བཀའ་རྙིང་བོན་དང་བཅས་པར་མགོ་འཁྲིད་ ༢༡ བསྐོས་ཡོད་ལས་ ༡༦ བསྐྱར་དུ་བསྐོ་བཞག་བྱས་ཡོད་པ་དང་གཞན་ ༥ གསར་དུ་བསྐོས་ཡོད་འདུག དེ་བཞིན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བསྐྱར་དུ་མཚན་འཛིན་ཚོགས་གཙོར་བསྐོས་ཡོད་སྐོར་བཀོད་འདུག

བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་བསྐོ་བཞག་བྱས་རྗེས། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་ (Wu Yingjie) ཡིས་འཐུས་མི་གསར་པ་རྣམས་ལ་ཐུག་འཕྲད་ཀྱིས་སྐད་ཆ་བཤད་ཡོད་པ་དང་། སྐབས་དེར་ཁོས་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོས་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ཏེ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས་པ་སོགས་དོན་ཚན་དྲུག་གཙོར་འདོན་གྱིས་བཤད་ཡོད་འདུག

དེ་བཞིན་ཁོས་མུ་མཐུད་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས་པ་དང་། དར་ཆ་གསལ་སྟོན་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་སྤྱད་དེ་སིམ་འཛུལ་བྱེད་རྒྱུར་བཀག་འགོག་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་འབད་དགོས་པ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ལ་ཤུགས་སྣོན་རྒྱག་དགོས་སྐོར་སོགས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་ལ་རྒྱལ་མཚན་ནོར་བུ་ལགས་ཐའེ་ལན་ཌིའི་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་། དེ་ནི་ཁོང་ཕྱི་རྒྱལ་དུ་གཞུང་འབྲེལ་ཐོག་ཕེབས་པ་ཐོག་མ་ཆགས་ཡོད་པ་དང་། སྐབས་དེར་ཁོས་ཏེ་ལན་ཌིའི་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོ་བོར་གྱུར་བའི་ནང་པའི་བྱེད་སྒོ་ཁག་སོགས་ཀྱི་ཐོག་མཉམ་ཞུགས་ཀྱིས་གཏམ་བཤད་སོགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཟླ་གཅིག་གི་རྗེས་ཙམ་ལ་མ་གཏོགས་ཕྱི་ལ་བསྒྲགས་མེད་པ་རེད།

རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་སྐོར་སྐྱོད་གྲུབ་རྗེས་རྒྱལ་མཚན་ནོར་བུ་ལགས་ཀྱིས།  རླབས་ཆེ་བའི་མེས་རྒྱལ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་འཁྲིད་འོག རྒྱ་ནག་མི་མང་གཉིད་ལས་བསླངས་ཏེ་འབྱོར་ལྡན་དང་སྟོབས་ཤུགས་ཅན་དུ་བསྒྱུར་བར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་དང་། བོད་བརྒྱུད་ནང་བསྟན་འདི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་སྔར་ལས་ལེགས་ཤིང་སྔར་ལས་མགྱོགས་པོར་འཚམ་པོ་ཡོང་བར་སྣེ་ཁྲིད་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་འགན་འཁྲི་དང་འོས་འགན་དེ་བས་ཆེ་བ་ཡོད། ཅེས་གསུངས་ཡོད་པ་རེད།

སྐབས་སྔོན་མའི་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ནི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟེར་བ་ཞིག་ཡིན་པ་དང་། ཁོ་ཐེངས་འདིར་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན་གྲས་སུ་བསྐོས་ཡོད་འདུག ཕྱི་ལོ་ ༡༩༥༥ ལོར་ནག་ཆུར་སྐྱེས་ཤིང་ཕྱི་ལོ་ ༡༩༥༩ ཙམ་ལ་ནག་ཆུ་རྫོང་ཞབས་རྟེན་དགོན་པའི་སྒྲུབ་ཁང་སྐུ་ཕྲེང་ ༧ པའི་སྤྲུལ་སྐུར་ངོས་འཛིན་བྱས་ཡོད་འདུག ཕྱི་ལོ་ ༢༠༠༣ ནས་བཟུང་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཏེ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་། སྣང་ཆེན་བཞི་དང་དགའ་ཞེན་བཞི་སོགས་གྲྭ་བཙུན་སློབ་མ་ཚོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་གིས་འཇུག་པར་འབད་བརྩོན་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༥

Leave a Reply

2 thoughts on “རྒྱལ་མཚན་ནོར་བུ་ལགས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོཊ་ཀྱི་ཚོགས་གཙོར་བསྐོས།

  1. གང་ལྟར་གནས་སྟངས་འདི་འདྲ་ཞིག་གིས་འོག་ནས་གཏམ་བཤད་འདི་འདྲ་མི་གནང་ཐབས་མེད་རེད། དོན་ལ་རང་ཉིད་བོད་པ་ཞིག་ཡིན་པ་མ་བརྗེད་པ་ཙམ་གྱིས་ནུས་པ་ཞིག་ཡོད་པ་རེད། ད་བར་དར་དམར་འོག་ཏུ་ངག་ནས་ཅི་གསུང་དགོས་པ་ཤེས་གསལ་རེད་མི་མང་གིས་ཁོང་ལ་གཙོ་བོ་མི་དགའ་བ་བྱེད་དགོས་པ་མེད་གང་ཡིན་ཟེར་ན་གཙོ་བོ་མགོ་གཙོས་བཀའ་ཕྱི་ལ་སྟོན་མཁན་ཙམ་ལས་དབང་ཚད་ཁག་པོ་རེད་དེ་འདྲ་སོང་ཙང་ངེས་པར་འུ་ཅག་གིས་བློ་ལ་ངེས་དགོས་པ་ཞིག་རེད།

  2. ༄།བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་ཡིན་ནའམ་འདྲ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཀྱང་རུང་།གང་ལྟར་བོད་རིགས་ཞིག་ཡིན་ཕྱིན་མིང་ཙམ་ལས་དོན་དམ་པས་དབང་ཆ་གང་ཡང་མེད་པ་ནི་མདས་མ་ཐག་པའི་ལོ་ངོ་དྲུག་བཅུ་རིང་ཤེས་བཞིན་ཡིན།ཏང་གི་བཀའ་དྲིན་དྲན་པ་་་ཏང་གི་བཀའ་ལ་ཉན་པ་་་་ཏང་གི་རྗེས་སུ་འབྲང་པ་།་ད་དུང་་་ཁ་བྲལ་་བསིལ་འཛུལ་་་ངོ་རྒོལ་་་ཚིག་འདི་དག་ལ་བལྟོས་དང་།ནང་བསྟན་ཚོགས་གཙོ་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་དུ་མ་བསྒྱུར་བ་གུང་ཁྲན་ཏང་གི་སྲོག་ཤིང་དུ་བསྒྱུར་བ་འདིའི་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ལ་བསམ་བློ་ཞིག་བཏོང་ཡོད་རྒྱུ་ཨེ་རེད།