རྒྱ་ནག་གཞུང་གིས་དམག་དཔོན་ ༧༠ ལྷག་གོ་གནས་ནས་གཡུགས།

ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་དམག་དོན་མཉམ་འབྲེལ་གྱི་ཚོགས་སྡེའི་འགན་འཛིན་ཟུར་པ་ཧྥང་ཧྥིན་ཧེ་ཡི་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་དམག་དཔོན་ ༧༠ ལྷག་ལ་ཉེས་ཆད་བཅད་ཡོད་འདུགཁ་སང་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་གཞུང་གིས་སྔ་ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་དམག་དོན་མཉམ་འབྲེལ་གྱི་ཚོགས་སྡེའི་འགན་འཛིན་ཟུར་པ་ཧྥང་ཧྥིན་ཧེ་(Fang Fenghui)ཡི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་བརྗོད་དེ། རྒྱ་ནག་མི་དམངས་བཅིང་འགྲོལ་དམག་ཁོངས་ཀྱི་མཐོ་རིམ་དཔོན་གནས་ཅན་དམག་སྤྱི་དང་དམག་དཔོན་གཞོན་པ་སོགས་ཁྱོན་ ༧༠ ལྷག་གོ་གནས་ནས་ཕབ་པ་དང་ལས་གནས་འཕོ་འགྱུར་བཏང་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གི་འབྲེལ་ཡོད་ཅིག་གིས་ད་ལྟའི་ཆར་ཉུང་མཐར་དམག་དཔོན་གཅིག་དང་དམག་དཔོན་གཞོན་པ་གཉིས་ཧྥང་ཧྥིན་ཧེ་དང་འབྲེལ་བ་ཡོད་སྐོར་བརྗོད་ནས་ཁྲིམས་ཆད་བཅད་ཚར་ཡོད་པ་དང་། དམག་དཔོན་ཚོ་གོ་གནས་ནས་ཕབ་སྟངས་དེ་སྔོན་ཆད་དམག་སྤྱི་ཧྥང་ཧྥིན་ཧེ་ཡིས་གོ་གནས་སྤྲད་པ་ལ་གཞིར་བཞག་ནས་གཡུག་གི་ཡོད་སྐོར་བརྗོད་འདུག་ལ། ཡང་འབྲེལ་ཡོད་གཞན་ཞིག་གིས་དམག་དཔོན་དེ་དག་ཁྲོད་ཀྱི་ ༤༤ པེ་ཅིན་གྱི་དམག་སྡེའི་ཁོངས་གཏོགས་ཡིན་པ་དང་། ཁོ་ཚོ་ཚང་མ་དེ་སྔོན་ཕྱི་ལོ་ ༢༠༠༧ ནས་ ༢༠༡༢ བར་ཧྥང་ཧྥིན་ཧེ་དམག་དོན་ལྷན་ཁང་གི་མགོ་གཙོ་ཡིན་སྐབས་གོ་གནས་འཕར་བ་རྐྱང་རྐྱང་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་ཁང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་རྒས་ཡོལ་བ་ཞིག་གིས། གནས་ཚུལ་དེ་འདས་པའི་ཉིན་ ༡༠ ཙམ་ཞིག་གི་སྔོན་ནས་གསལ་བསྒྲགས་བྱས་ཡོད་པ་དང་། གོ་གནས་ནས་གཡུག་རྒྱུ་ཡིན་པའི་མིང་ཐོ་དག་བཅིངས་གྲོལ་དམག་གི་མཐོ་རིམ་དཔོན་པོ་ཚོའི་ནང་དུ་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད་སྐོརབརྗོད་འདུག

ཡང་བཅིངས་གྲོལ་དམག་ཁོངས་ཀྱི་གནས་ཚུལ་ཡོང་ཁུངས་གཞན་ཞིག་ནས་ཐེངས་འདིར་མཐོ་རིམ་དམག་དཔོན་གོ་གནས་གཡུགས་ཡོད་པའི་ཁྲོད། པེ་ཅིན་དམག་སྡེའི་ཆབ་སྲིད་མགོ་འཁྲིད་ལུའོ་ཧྥུ་ལེན(Liu Fulian)གྱི་ལས་གནས་དེ་དམག་ཁུལ་གྱི་ལས་བྱེད་དཀྱུས་མ་ཞིག་ཏུ་བཞག་ཡོད་སྐོར་བརྗོད་འདུག

དམག་སྤྱི་དང་དམག་དཔོན་དེ་དག་ཚང་མས་ཧྥང་ཧྥིན་ཧེ་དང་འབྲེལ་ནས་ལྐོག་ཟ་རུལ་སུངས་དང་གོ་གནས་བརྗེ་སྤོར་ཐད་གཡོ་ཐབས་སྣ་ཚོགས་འཐེན་པ་སོགས་ཀྱི་ཉེས་མིང་གཡོགས་ཡོད་པ་དང་། དབུས་དམག་དོན་ལྷན་ཁང་གི་རྒྱུན་ཟུར་དང་དམག་དཔོན་ཧྥང་ཧྥིན་ཧེ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ནང་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་པའི་ཉེས་མིང་འོག་འཛིན་བཟུང་དང་། འདི་ལོའི་ཕྱི་ཟླ་ ༢ ནང་ཚེ་བཙོན་གྱི་ཁྲིམས་ཐག་དང་ལྐོག་དངུལ་བླངས་པ་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཧྥང་ཧྥིན་ཧེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དཔོན་ཁྲོད་ཀྱི་ལོ་ན་ཆུང་ཤོས་དང་དམར་ཤོག་ཚོགས་པའི་དམག་དཔུང་ཁྲོད་ཀུན་གྱིས་གདེང་འཇོག་ཆེན་པོ་བྱེད་ས་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གཉིས་ཀྱི་ཐེངས་དང་པོའི་ཐུག་འཕྲད་སྐབས། ཧྥང་ཧྥིན་ཧེ་ནི་ཞི་ཅིན་ཕིན་གྱི་འཁོར་ཚོགས་ཀྱི་གཙོ་བོ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་དང་ཨ་ཧྥི་གྷ་ནེ་སི་ཐན་བར་དྲག་ཆས་དམག་དཔུང་མཉམ་འབྲེལ་དམག་སྦྱོང་སྐབས་སྣེ་འཁྲིད་པ་ཡིན་འདུག  ཁོ་བཙོན་བཅུག་བྱས་རྗེས་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས། ཧྥང་ཧྥིན་ཧེ་དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་དམག་དོན་ཆབ་སྲིད་ཚན་པའི་མགོ་འཁྲིད་ཟུར་པ་འདས་པོ་ཀྲང་ཡཱང་(Zhang Yang)་གཉིས། ཕྱི་ལོ་༢༠༡༦ ལོར་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་དམག་སྤྱི་ཆེན་མོ་ཟུར་པ་གོ་པའོ་ཤོང་ (Guo Boxiong) དང་། ཕྱི་ལོ་ ༢༠༡༤ ལོར་ནག་ཉེས་ཕོག་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་འདས་པོ་ཞི་ཚེ་ཧུའུ་ (Xu Caihou) གཉིས་དང་འབྲེལ་བ་ཡོད་སྐོར་བརྗོད་ཡོད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་མི་དམངས་བཅིངས་གྲོལ་དམག་དཔུང་ཁྲོད་དམག་སྤྱི་དང་དམག་དཔོན་གྱི་གོ་གནས་ཡོད་མཁན་དམག་དཔོན་ ༤༠༠༠ ལྷག་ཡོད་པ་དང་། འདས་པའི་ནང་རྒྱ་ནག་གི་དམག་ཤུགས་དེང་རབས་ཅན་དུ་བསྒྱུར་ནས་འཛམ་གླིང་གི་དྲག་ཤུགས་ཆེ་ཤོས་གྲས་སུ་ཚུད་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༡༢ ནས་ ༢༠༡༧ བར་ཞི་ཅིན་ཕིན་གཞུང་གིས་དམག་མིའི་དཔུང་ཁག་ཁྲོད་གནས་རིམ་མཐོ་དམན་བར་གསུམ་གྱི་དམག་མི་ ༡༣༠༠༠ ལྷག་ལྐོག་ཟ་རུལ་སུངས་དང་གཞུང་གི་ལམ་ལུགས་སྲུང་གཙི་མ་བྱས་པའི་ཉེས་མིང་འོག་ཉེས་ཆད་དང་བཙོན་འཇུག་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༦/༢༦

Leave a Reply

2 thoughts on “རྒྱ་ནག་གཞུང་གིས་དམག་དཔོན་ ༧༠ ལྷག་གོ་གནས་ནས་གཡུགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    གྲལ་རིམ་ཐབ་རྩོད་མིན་ན་དགའ་བསུ་ཡོད་མ་ཝོ་གི་༡༩༤༦ ལོར་ཞིང་པའི་
    གྲལ་རིམ་འོག་ཅང་ཀེ་ཤི་ལག་ནས་སྲིད་འཕྲོག་ནས་ད་ལྟའི་རྒྱ་ནག་གི་སྲིད་གཞུང་
    གྲལ་རིམ་དམངས་གཙོའི་དམར་གཞུང་བཙུགས་ནས་རྒྱ་ནག་ནང་མཐོ་རིམ་མི་སྣའི་ཆབ་སྲིད་ཀྱི་
    འཐབ་རྩོད་དེ་ད་ལྟ་རྒྱུན་མ་ཆད་པ་ཁྱོད་ཤི་ང་གསོན་གྱི་འོག་ནས་གཞི་རིམ་མི་མང་
    འཚོ་བ་ལ་འགན་སྲུང་བྱས་ནས་ཕྱི་འབྲེལ་སྲིད་ཇུས་འོག་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་
    ཁྲོམས་ར་ཞིག་ཏུ་ཁ་ཕྱོགས་ནས་དེང་སྐབས་རྒྱ་ནག་དམར་གཞུང་དེ་འཛམ་གླིང་གི་གསུམ་
    ཆ་གཉིས་ལ་དབང་བརྒྱུར་བྱ་རྒྱུའི་གྲ་སྒྲིག་དུ་བསྡད་ཡོད་པར་ངོས་འཛིན་ཞུ་གི་ཡོད།

  2. ༄།སྲིད་འཛིན་ཞིང་ཇིན་ཕིང་་གི་ཕྱོགས་གཅིག་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་དོན་ཐོག་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་ལ་ནག་ཉེས་བཙུགས་ཡོད་ཀྱང་།དོན་ངོ་མ་ནི་དབང་ཆའི་འཐབ་རྩོད་སྐྱེན་གྱི་རང་གི་ཁ་གཏད་པ་དང་དེའི་ཕྱོགས་གཏོགས་དང་བཅས་པ་ནུས་མེད་བཟོ་བཞིན་ཡོད་པ་དངོས་ཡོད་ཡིན།གནས་དོན་འདི་ནི་རྒྱ་ནག་ལོ་རྒྱུད་ནང་ཤོག་ཁ་དབར་གྱི་དབང་ཆའི་འཐབ་བརྩོད་ཡང་ཡང་ཡོང་བཞིན་ཞིག་རེད།ཕྱོགས་གཞན་ཞིག་ནས་མང་གཙོའི་སྤྱི་ཚོགས་སུ་ཡང་རང་གི་ཕྱོགས་གཏོགས་པ་རྣམས་ལས་སྣེ་ཡར་འཐེན་བྱས་ཅིང་ཁ་གཏད་པ་རྣམས་མར་གཡུགས་བྱེད་པ་ཡོང་བཞིན་ཡོད་།རང་རིས་སྐྱབས་བཅོལ་བའི་སྒྲིག་འཛུགས་ཆུང་ཆུང་འདིའི་ནང་ལ་ཡང་ཕྲན་བུ་རེ་བྱུང་ཡོད་པ་ཚང་མས་མཁྱེན་གསལ་ཡིན་ནོ