གསེར་ལས་ཆུ་གོང་ཆེ་བ་འདུག་ཟེར།

དབྱར་དུས་ཀྱི་ཚ་བ་ཆེ་ཞིང་ཆར་ཆུ་དཀོན་པའི་སྐབས་འདིར་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུགརྒྱ་གར་གྱི་གྲོས་ཚོགས་གསར་པའི་ཚོགས་དུས་དང་པོ་དེ་ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༦ བར་ཚོགས་ཡོད་པ་དང་། གྲོས་ཚོགས་ཀྱི་ཉིན་མཐའ་མར་ཆུ་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་བགྲོ་གླེང་གནང་སྐབས། རྒྱ་གར་གྱི་གྲོང་ཁྱེར་ཁག་ཅིག་གི་ནང་དེང་སྐབས་འཐུང་ཆུ་ནི་གསེར་ལས་རིན་གོང་ཆེ་བ་ཡོད་པས། རྒྱལ་ཡོངས་ཀྱི་ཆུ་དང་འབྲེལ་བའི་དཀའ་རྙོག་ཁག་གང་མགྱོགས་སེལ་བའི་དུས་ལ་བབ་ཡོད་སྐོར་གསུངས་ཡོད་འདུག

གྲོས་ཚོགས་ནང་འཐུང་ཆུའི་དཀའ་ངལ་ཐད་བགྲོ་གླེང་གནང་སྐབས། གྲོས་ཚོགས་འཐུས་མི་ཊི་ཀེ་རང་གྷ་ར་ཇན་ (T.K. Rangarajan) ལགས་ཀྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་ཅིན་ནའེ་གྲོང་ཁྱེར་ (Chennai) ནི་འཐུང་ཆུའི་དཀའ་ངལ་ཆེ་ཤོས་དེ་ཡིན་པ་དང་། གྲོང་ཁྱེར་དེའི་མི་ཕལ་ཆེ་བ་གཞུང་སྒེར་གཉིས་ཀྱི་སྐྱེལ་འདྲེན་བྱས་པའི་ཆུ་ལ་བརྟེན་བསྡད་ཡོད་པས། གསེར་ལས་འཐུང་ཆུའི་རིན་གོང་ཆེ་བ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང་། ད་ལྟ་གློག་ཀླད་ལས་རིགས་དང་འབྲེལ་བའི་ལས་མི་མང་པོ་ཞིག་ལ་རང་ཉིད་ཀྱི་སྡོད་གནས་སུ་ལས་ཀ་བྱེད་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་དང་། ཟ་ཁང་མང་པོ་ཞིག་སྒོ་བརྒྱབས་ཡོད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཁྱིམ་མཚེས་མངའ་སྡེ་ཚོར་གྲོང་ཁྱེར་དེ་སྐྱོབ་པའི་འགན་འཁྲི་ཡོད་སྐོར་སོགས་བརྗོད་འདུགགྲོས་ཚོགས་གོང་མའི་འཐུས་མི་ཌོ་རའེ་སཱ་མི་ར་ཇཱ་ (Doraisamy Raja) ལགས་ཀྱིས་ཁོང་སྐྱེས་སའི་ཏ་མིལ་ན་དྷུ་མངའ་སྡེ་ (Tamil Nadu) ནང་དུའང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། མངའ་སྡེའི་ཡུལ་མིའི་ཁྲོད་བློ་འཚབ་དང་བརྟན་བརླིང་མེད་པ་ཚོར་གྱི་ཡོད་པས།  དབུས་གཞུང་ནས་རྒྱལ་ཡོངས་ཀྱི་ཆུ་དང་འབྲེལ་བའི་དཀའ་རྙོག་རྣམས་གང་མགྱོགས་སེལ་ཐབས་གནང་དགོས་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ནས་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་གི་ནང་ཐན་པ་འབྱུང་ཉེན་ཧ་ཅང་ཆེན་པོ་ཡོད་པ་དང་། ཆུ་བེད་སྤྱོད་ལོག་པར་གཏོང་མཁན་ལ་ཉེས་ཆད་གཅོད་དགོས་པ། ཆེད་དམིགས་ཀྱིས་རྫོང་རིམ་པར་རྒྱལ་ཡོངས་ཀྱི་ཆུ་སྲུང་སྐྱོབ་ཀྱི་ལམ་སྟོན་འཆར་རིས་དགོས་པ་དང་། མི་རབས་རྗེས་མ་ཚོའི་དགོས་མཁོ་ལ་བལྟས་ནས་ཆུ་ནུས་སྲུང་སྐྱོབ་དང་སྦྲགས། ཆར་ཆུ་དང་ས་འོག་གི་ཆུ་བེད་སྤྱོད་གཏོང་ཕྱོགས་ལ་ཞིབ་འཇུག་དང་ནུས་པ་ཤུགས་ཆེར་འདོན་དགོས་སྐོར་དང་། རྒྱ་གར་ནང་གྲོང་ཁྱེར་ ༢༡ དང་མི་གྲངས་བྱེ་བ་ ༦༠ ཙམ་ལ་འཐུང་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། གྲོང་རྡལ་ཁག་གི་ཁྱིམ་ཚང་བརྒྱ་ཆའི་ ༨༤ ཙམ་གྱི་ནང་ཐད་ཀར་འཐུང་ཆུ་འཐུང་ཆོག་ཆོག་མེད་སྐོར་སོགས་གླེང་སློང་གནང་ཡོད་འདུག

སྤྱིར་བཏང་ད་ལྟའི་ཆར་རྒྱ་གར་ནང་དབྱར་དུས་ཀྱི་ཚ་བ་ཆེ་ཞིང་ཆར་ཆུ་ཉུང་བའི་དུས་སྐབས་ཤིག་ཡིན་སྟབས། གྲོང་ཁྱེར་ཆེ་ཁག་ཙམ་མ་ཟད་གྲོང་རྡལ་ཁག་ཏུའང་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཡང་རྒྱ་གར་བྱང་ཁུལ་སོགས་སུ་ཆར་དུས་ཀྱི་མགོ་བཙུགས་ཡོད་པ་མ་ཟད། ཆར་ཆུའི་གནོད་སྐྱོན་ཡང་ཡོང་གི་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་གྱི་(Composite Water Management Index) སྙན་ཐོའི་ནང་། རྒྱལ་ས་ལྡི་ལི་དང་ བྷེན་གྷ་ལོ་རོ་(Bengaluru) ། ཅིན་ནའེ་གྲོང་ཁྱེར་ (Chennai) དང་ཧི་དྷིར་པཱ་ཌི་གྲོང་ཁྱེར་ (Hyderabad) བཅས་ལ་ཕྱི་ལོ་ ༢༠༢༠ ལོར་ས་འོག་འཐུང་ཆུ་རྫོགས་ཀྱི་ཡོད་པ་དང་། ཆུའི་ཐོན་ཁུངས་བེད་སྤྱོད་ཡག་ཤོས་གཏོང་མཁན་གྱི་མངའ་སྡེ་ནི་གྷུ་ཇཱ་རཱ་ཊི (Gujarat) ཡིན་འདུག་པ་དང་། དེ་ནས་མ་ཌེ་ཡ་མངའ་སྡེ་ (Madhya Pradesh)དང་། ཨན་དྷ་ར་མངའ་སྡེ་ (Andhra Pradesh)། ཀར་ན་ཌ་ཀ་མངའ་སྡེ་ (Karnataka) སོགས་ཡིན་འདུག་ལ། ཡང་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་གར་ནང་ལོ་རེར་མི་གྲངས་འབུམ་ ༢ ཙམ་འཐུང་ཆུ་གཙང་མ་མ་རག་པར་བརྟེན་ནས་འདས་གྲོངས་སུ་འགྲོ་ཡི་ཡོད་འདུགབོད་ནི་ཨེ་ཤ་ཡའི་ཆུ་མཛོད་ཆེ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་གར་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ནི་བོད་ནས་བཞུར་བཞིན་པའི་གཙང་པོ་ཁག་ཡིན་ཡང་། རྒྱ་གར་ནང་བཞུར་བཞིན་པའི་ཡར་ཀླུང་གཙང་པོ་དང་སེང་གེ་གཙང་པོ་སོགས་ཀྱི་རྒྱུད་དུ་རྒྱ་ནག་གཞུང་གིས་གློག་ཁང་དང་ཆུ་མཛོད་ཆེ་ཆུང་འདྲ་མིན་རྒྱག་གི་ཡོད་པ་དང་། གཙང་པོའི་ཁ་ཕྱོགས་བསྒྱུར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། རྒྱ་དཀར་ནག་གཉིས་བར་གྱི་དཀའ་རྙོག་ཆེན་པོ་ཞིག་ཆགས་ཡོད་ལ། འཛམ་གླིང་གི་གནད་དོན་དབྱེ་ཞིབ་པ་འགའ་རེས་མ་འོངས་པར་ཆུ་ཡི་ཆེད་དུ་འཛམ་གླིང་ནང་དམག་ཆེན་བསླང་སྲིད་སྐོར་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༧

Leave a Reply

3 thoughts on “གསེར་ལས་ཆུ་གོང་ཆེ་བ་འདུག་ཟེར།

  1. ༄།གསེར་ལས་ཆུ་གོང་ཆེ་བ་ཡོད་ན་ཚོང་་པ་མགོ་བདེ་ར་ཚང་མས་ཆུ་འོར་འདྲེན་བྱེད་རྒྱུ་ཡིན་ཡིན་པ་རེད།སོང་ཙང་ཆུའི་རིན་གོང་ཡང་ཆུང་ནས་ཆུང་དུ་འགྲོ་རྒྱུ་མ་རེད་དམ།གང་ལྟར་ས་ཆུ་མེ་རླུང་གི་འཇིག་པ་ཚང་མ་འཁོ་ཡུལ་ལ་བརྟེན་ནས་བྱུང་བ་ཡིན་པས་འཁོ་ཡུལ་སྲུང་སྐྱབས་ལ་དོག་སྣང་མ་བྱེད་ཚེ་མ་འོང་འདི་ལས་ཉེས་ཚབ་ཆེ་རུ་འགྲོ་རྒྱུ་རེད་དོ།།

  2. གཞུང་པ་ཚེ་དབང་བསོད་ནམས་

    ནོར་བཅོས་རྒྱ་གར་རྒྱ་མཚོ་ནས་ས་འོག་ཆུ་འདྲེན་གྱི་ལས་གཞི་སྤེལ་དགོས་པ་རེད

  3. གཞུང་པ་ཚེ་དབང་བསོད་ནམས་

    གསེར་ལས་ཆུ་རིན་པ་ཆེ་བ་ཡོད་ཟེར་བའི་གཏམ་དེ་སུ་གཅིག་གི་རྣ་བར་
    འགྲོ་གི་མ་རེད་རྒྱ་གར་རྒྱ་ནས་ས་འོག་འདྲེན་གྱི་ལས་གཞི་སྤེལ་དགོས་པ་དེ་
    དབུས་ས་གཉིས་ཀྱི་ལས་འགན་རེད་འབྱུང་བ་ཆུ་དང་འབྱུང་བ་རླུང་་འབྱུང་བ་
    མེ་འབྱུང་བ་ས་འབྱུང་བ་ནམ་མཁའ་བཅས་འབྱུང་བ་ལྔ་ཉམས་པའི་ཉིན་མོ་
    དེ་ནས་འཇིག་རྟེན་འདི་འཇིག་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་རེད་དེ་ཚོ་ཤེས་
    ན་ཡག་པོ་ཡོད་རེད །