བཙན་གཡེམ་བྱེད་དུ་མ་བཅུག་པས་སྐྲ་བཞར་ནས་ཁྲོམ་སྐོར་བྱེད་དུ་བཅུག

བྷི་ཧར་མངའ་སྡེའི་གྲོང་གསེབ་ཅིག་ཏུ་ཡུལ་མིའི་བདེ་དོན་ལྟ་ཞིབ་ལྷན་ཚོགས་ཀྱི་ལས་བྱེད་ཅིག་ཚུད་པའི་སྐྱེས་པ་ཁག་ཅིག་ལ་བུ་མོ་ཞིག་གིས་བཙན་གཡེམ་བྱེད་དུ་མ་བཅུག་པར་བརྟེན་བུ་མོ་མ་སྨད་གཉིས་ཀྱི་སྐྲ་བཞར་ཏེ་མི་ཚོགས་ཁྲོད་ཁྲོམ་སྐོར་བྱེད་དུ་བཅུགཁ་སང་ཕྱི་ཚེས་ ༢༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྷི་ཧར་མངའ་སྡེའི་ (Bihar) བེེ་ཤཱ་ལེ་རྫོང་ (Vaishali) ཁོངས་ཀྱི་གྲོང་གསེབ་ཅིག་ཏུ། སྐྱེས་པ་ཁག་ཅིག་བུ་མོ་མ་སྨད་གཉིས་ཅན་ཞིག་གི་ཁྱིམ་དུ་འཛུལ་ཏེ་བཙན་གཡེམ་བྱེད་རྩིས་བྱས་སྐབས། བུ་མོ་དང་ཨ་མ་གཉིས་ཀྱིས་འགོག་རྒོལ་བྱས་ཏེ་བཙན་གཡེམ་བྱེད་དུ་མ་བཅུག་པར་བརྟེན། མ་སྨད་གཉིས་མི་ཚོགས་ཁྲོད་དུ་དྲུད་ཕྱིན་ཏེ་སྐྲ་བཞར་བ་མ་ཟད། ཁྲོམ་སྐོར་བྱེད་དུ་བཅུག་པ་དེར་རྒྱ་གར་གྱི་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་ཡོང་གི་ཡོད་འདུག

ས་གནས་ཉེན་རྟོག་པས་བརྗོད་ན། སྐྱེས་པ་དེ་དག་ཁྲོད་ཀྱི་གཅིག་ནི་ཡུལ་མིའི་བདེ་དོན་ལྟ་ཞིབ་ལྷན་ཚོགས་ཀྱི་ལས་བྱེད་མོ་ཧཱ་མཌ་ཀོར་ཤེ་ (Mohammad Khurshid) ཟེར་བ་ཞིག་ཡིན་པ་དང་། ཁོང་ཚོས་བཙན་གཡེམ་བྱེད་རྩིས་བྱས་ཡོད་ཀྱང་བྱུང་མེད་པ་དང་།  ད་ལྟའི་ཆར་མོ་ཧཱ་མཌ་ཀོར་ཤེ་ཟེར་བ་དེ་དང་གཞན་གསུམ། དེ་བཞིན་སྐྲ་བཞར་བ་བཅས་འཛིན་བཟུང་བྱས་ཟིན་ཡོད་པ་དང་། གཞན་གཅིག་འཚོལ་བཞིན་ཡོད་སྐོར་དང་། ཉེས་དོན་དེ་རྩ་ཁྲིམས་ཀྱི་དོན་ཚན་ ༣༧༦ པའི་བཙན་གཡེམ་ཉེས་ཆད་དང་། དོན་ཚན་ ༥༡༡ སྟེ་བཙན་གཡེམ་བྱེད་ཐབས་ཀྱི་ནག་ཉེས་འོག་ཐོ་འགོད་བྱས་ཡོད་སྐོར་བརྗོད་འདུག

བྷི་ཧར་ས་གནས་ཀྱི་གསར་འགོད་པར་མནར་གཅོད་ཐེབས་པའི་བུ་མོ་དེའི་ཨ་མས། ང་ཚོར་དབྱུག་པས་གཅར་རྡུང་ཤུགས་ཆེན་བྱས་བྱུང་ལ། ངའི་ལུས་ཡོངས་ལ་རྨ་ཁས་ཁེངས་ཡོད། ངའི་བུ་མོའི་ལུས་སྟེང་ནའང་རྨ་ཁ་འགའ་ཤས་འདུག ཅེས་བརྗོད་འདུག་ལ། བུ་མོ་དེས། ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་མི་འགའ་ངེད་ཚང་ལ་བཙན་གྱིས་འཛུལ་ཏེ་ང་ལ་བཙན་གཡེམ་བྱེད་རྩིས་བྱས་པ་དང་། སྐབས་དེར་ཨ་མས་འགོག་རྒོལ་བྱས་སྟབས། ང་ཚོར་གཅར་རྡུང་ཤུགས་ཆེན་བཏང་བ་མ་ཟད། སྒོ་ཕྱིར་དྲུད་ཕྱིན་ཏེ་སྐྲ་བཞར་བ་ཞིག་ལ་སྡེ་མི་ཡོངས་ཀྱི་མདུན་ནས་སྐྲ་བཞར་དུ་བཅུག་ནས་ཁྲོམ་སྐོར་བྱེད་དུ་བཅུག་སོང་། ཞེས་བརྗོད་འདུག

བུ་མོ་དེ་ནི་ལོ་ན་ ༡༩ ཙམ་ཡིན་འདུག་ལ། གཉེན་སྒྲིག་བྱས་མ་ཐག་ཡིན་འདུག མོའི་ཨ་མ་ལོ་ན་ ༤༨ ཙམ་ཡིན་པ་དང་། སྡེ་མི་ཡོངས་ཀྱི་མདུན་ནས་ཁོ་གཉིས་ཀྱི་སྐྲ་བཞར་ཏེ་ཁྲོམ་སྐོར་བྱེད་དུ་འཇུག་སྐབས་ཀྱི་པར་རིས་སོགས་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། རྒྱ་གར་གྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། མངའ་སྡེ་དེའི་བུད་མེད་ལྷན་ཚོགས་་ (women commission) ཀྱིས་གནད་དོན་དེ་མཐའ་སྐྱེལ་བར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༣ ལོའི་རྒྱ་གར་རྒྱལ་ཡོངས་ནག་ཉེས་ལས་ཁུངས་ (National Crime Records Bureau) ཀྱི་སྙན་ཐོའི་ནང་། རྒྱ་གར་ནང་སྐར་མ་ ༢༠ རེའི་ནང་བུད་མེད་རེ་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་གི་ཡོད་པ་དང་། བུད་མེད་ཕལ་ཆེ་བ་གཞན་རྟེན་ཡིན་པ་དང་སྤྱི་ཚོགས་ནང་བཙན་གཡེམ་བྱས་པའི་བུད་མེད་ལ་ལྟ་སྟངས་མི་ལེགས་པ་སོགས་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་གནས་ཚུལ་ཕལ་མོ་ཆེ་ཁྲིམས་གཏུག་བྱེད་ཀྱི་མེད་པ་དང་། ཁྲིམས་གཏུག་བྱས་པ་ཆ་ཚང་ལའང་ཁྲིམས་དཔོན་རྣམས་སྐྱེས་པ་ཡིན་པས་གྱོད་དོན་ལ་ཕྱོགས་ལྷུང་བྱས་ཏེ། བུད་མེད་ཀྱིས་བདེན་དཔང་ར་སྤྲོད་མ་ཐུབ་པ་སོགས་ལ་བརྟེན་ནས་གྱོད་གཞི་ཕམ་ཉེས་བྱུང་གི་ཡོད་སྐོར་དང་། དེང་སྐབས་བུད་མེད་མང་པོ་ཞིག་འཚོ་བའི་ཐད་རང་སྐྱ་འཕེལ་བ་བྱུང་གི་ཡོད་པས་ཁྲིམས་གཏུག་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༦/༢༩

Leave a Reply

One thought on “བཙན་གཡེམ་བྱེད་དུ་མ་བཅུག་པས་སྐྲ་བཞར་ནས་ཁྲོམ་སྐོར་བྱེད་དུ་བཅུག

  1. ༄།གོང་ས་མཆོག་གི་མཛད་འཕྲིན་དང་བོད་ཀྱི་རྩ་དོན་དང་འབྲེལ་བའི་གསར་འགྱུར་ལ་ཀློག་པ་པོ་དེ་ཙམ་མེད་པ་ཁ་མཆུ་ཨང་ཉིས་ཤུ་པ་དང་བུ་མེད་བཙན་གཡེན་དང་འབྲེལ་བའི་གསར་འགྱུར་ལ་ཀློག་པ་པོ་འདི་ལྟ་བུ་མང་་པོ་ཞིག་ཡོང་དོན་ཅི་ཡིན་ནམ་་་་་་?