ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཕྱིར་ཕུད་དང་བཀག་ཉར།

ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་ ༧༠ འཇོ་མདའ་རྫོང་བཀག་ཉར་ཁང་དུ་བཅུག་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་བཞིན་འདུག་ཟེར།

དེ་རིང་འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ནས་བཟུང་རྒྱ་ནག་གཞུང་གིས་དཀར་མཛེས་དཔལ་ཡུལ་རྫོང་ཡ་ཆེན་ཨྱོན་བསམ་གཏན་གླིང་ཆོས་སྒར་དུ་གྲྭ་བཙུན་མང་པོ་ཕྱིར་ཕུད་གཏོང་བཞིན་ཡོད་པ་ལྟར། ཉེ་ཆར་ཕྱི་ཟླ་ ༦ ཟླ་དཀྱིལ་ཙམ་ལ་བསྐྱར་དུ་གྲྭ་བཙུན་ ༧༠ ཙམ་ཞིག་ཕྱིར་ཕུད་བཏང་ཡོད་པ་དང་། རྗེས་སུ་གྲྭ་བཙུན་དེ་དག་རྒྱ་ནག་གཞུང་གིས་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་ཀྱིས་ཆབ་མདོ་འཇོ་བདའ་རྫོང་བཀག་ཉར་ཁང་དུ་བཅུག་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་ཡོད་སྐོར་བརྗོད་བྱུང་།གནས་ཚུལ་མཁོ་སྤྲོད་པས། ད་ལྟའི་ཆར་གྲྭ་བཙུན་དེ་དག་ལ་བཀག་ཉར་ཁང་དུ་སྐྱ་ཆས་གཡོག་ནས་ཉིན་ལྟར་ཏཱ་ལའི་རུ་ཚོགས་ལ་དགག་པ་རྒྱག་བཅུག་པ་དང་། རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་ཟེར་བ་ཞིག་འཁྲིད་ནས་དེ་དག་གི་ནང་དོན་བློ་འཛིན་བྱེད་དུ་བཅུག་ཏེ་རྒྱུགས་སྤྲོད་བཅུག་གི་ཡོད་པ་དང་། ཁོ་ཚོས་མ་འོངས་པར་ཟླ་ ༢ ནས་ ༣ བར་བཀག་ཉར་ཁང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་སྦྱོང་བྱ་དགོས་པ་དང་། དེའི་རྗེས་ཀློད་གྲོལ་གཏོང་གི་ཡོད་ན་ཡང་རང་ཁྱིམ་དུ་སྡོད་པ་ལས་ས་ཕྱོགས་གཞན་གང་ལ་ཡང་འགྲོ་མི་ཆོག་པ་དང་།ལྷག་དོན་དགོན་པ་གང་དུ་ཡང་འགྲོ་མི་ཆོག་པའི་དམ་དྲགས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཡང་ཁོས་མུ་མཐུད་། གཞན་ཡ་ཆེན་སྒར་དུ་ཡོད་པའི་མཚོ་སྔོན་དང་ཟི་ཁྲོན་ཕྱོགས་ཀྱི་གྲྭ་བཙུན་ཚོར་སོ་སོའི་རྫོང་གི་ངོས་ནས་གནས་ཚུལ་རིགས་མི་ལྷག་པའི་འགན་ལེན་བྱས་ཡོད་པ་བརྟེན། ད་ལྟའི་ཆར་ཕྱིར་ཕུད་བཏང་མེད་ན་ཡང་ཡ་ཆེན་སྒར་ལ་རྒྱ་ནག་གཞུང་གིས་དམ་དྲགས་ཆེན་པོ་ཡོད་པ་དང་། དུས་རྒྱུན་རྒྱ་ནག་གཞུང་གིས་ལས་བྱེད་པ་ ༦༠༠ ཙམ་གཏན་སྡོད་བྱས་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ གཉིས་སོ་སོར་ཡ་ཆེན་སྒར་དུ་གྲྭ་བཙུན་མང་དྲགས་པ་དང་གྲྭ་བཙུན་གྱི་གྲངས་ཚད་སྙོམས་དགོས་སྐོར་སོགས་བརྗོད་ནས། དགོན་པ་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་གཏོང་མགོ་ཚུགས་ཏེ། བསྟུན་མར་གྲྭ་བཙུན་མང་པོའི་ཁང་པ་གཏོར་བཤིག་དང་གྲྭ་བཙུན་ཚོ་བཙན་གྱིས་ཕྱིར་ཕུད་བཏང་བ་སོགས་ཀྱི་ལས་གཞི་དེ་སྤེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ནས་བསྐྱར་དུ་དགོན་པར་དམ་དྲག་དང་ཞིང་ཆེན་གཞན་ནས་ཡོང་བའི་བོད་མི་གྲྭ་བཙུན་ཚོ་ཕྱིར་ཕུད་བཏང་ཡོད་པ་དང་། ཉེ་སྔོན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བཏོན་པའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༦ པའི་ནང་གྲྭ་བཙུན་དགེ་འདུན་པའི་གྲངས་ཚད་གཏན་འབེབ་ཟེར་བའི་ལས་འགུལ་ཞིག་སྤེལ་ཏེ། ཡ་ཆེན་སྒར་དུ་གྭ་བཙུན་གྲངས་ཚད་བརྒལ་བ་ ༣༥༠༠ ལྷག་ཕྱིར་ཕུད་བཏང་ཡོད་པ་དང་། ལས་གཞི་ད་དུང་མཇུག་བསྡུས་མེད་སྟབས་གྲངས་ཚད་དེ་ལས་མང་བ་ཕྱིར་ཕུད་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད། 

ཕྱི་ལོ་ ༢༠༡༧ ལོར་གཅིག་པུར་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་གྲྭ་བཙུན་སྡོད་ཤག་ ༣༥༠༠ ལྷག་གཏོར་བཤིག་བཏང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཡ་ཆེན་དགོན་པར་ལམ་ཆེན་མེད་ན་མེ་སྐྱོན་བྱུང་སྐབས་སོགས་སུ་རླངས་འཁོར་འགྲོ་ས་མེད་སྟབས། གྲྭ་སྒར་དུ་གཞུང་ལམ་རྨིད་ ༡༠ ཅན་གྱི་ལམ་ཆེན་བདུན་དང་། བཙུན་མའི་སྒར་དུ་ལམ་ཆེན་བཅུ་ཙམ་བཟོ་དགོས་པ་ད་ང། གྲྭ་བཙུན་རྣམས་ཀྱིས་སོ་སོའི་ཁང་པ་སོ་སོས་བཤིག་དགོས་པ་དང་། གལ་སྲིད་སོ་སོས་མ་བཤིག་པ་ཡིན་ན། རྒྱ་གཞུང་གིས་བཤིག་སྟེ་ཁང་པའི་རྒྱུ་ཆ་ཡོངས་རྫོགས་བེད་མེད་བཟོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། དེ་བཞིན་དགེ་འགུན་པ་ཧ་ཅང་མང་པོ་ཞིག་ཕྱིར་ཕུད་བཏང་བ་མ་ཟད་ཁོ་ཚོ་རང་གི་ཕ་ཡུལ་ཕྱོགས་སུ་ཕྱིར་སློག་བྱས་རྗེས། ཕ་ཡུལ་དུ་འབྱོར་མཚམས་རྒྱ་ནག་གཞུང་གིས་ཁོང་ཚོར་དམག་ཆས་གཡོག་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འོག་རྒྱལ་ཞེན་གྱི་གླུ་གཞས་ཟེར་བ་བཏང་བཅུག་པ་དང་། རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་ཟེར་བ་སོགས་མི་འདོད་བཞིན་དུ་སྤྲད་ནས་སུན་གཙེར་སྣ་ཚོགས་བཟོ་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་དང་གསེར་རྟ་བླ་རུང་སྒར་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་ཐད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ནང་ཛ་དྲག་གྲོས་ཆོད་བཞག་པ་བརྒྱུད་གསེར་རྟ་བླ་རུང་སྒར་ནང་གཏོར་བཤིག་བཏང་བ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣའི་ཚོགས་ཆུང་ཞིག་གིས་རྒྱ་ནག་གཞུང་ལ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་དུ་གཏོར་བཤིག་བཏང་བ་དེར་ལན་འདེབས་འགན་ཁུར་ཁ་གསལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་དང་།  དེ་བཞིན་རྒྱ་ནག་གཞུང་གིས་ཆོས་སྒར་དེ་དག་ལ་མེ་སྐྱོན་སྔོན་འགོག་ཆེད་སྲིད་བྱུས་དེ་ལག་བསྟར་བྱེད་སྐོར་བཤད་ཀྱང་འཁོར་སྐར་བརྒྱུད་ང་ཚོས་ཉམས་ཞིབ་གནང་བ་ཡིན་ན་རྒྱུ་མཚན་དེ་དངོས་ཡོད་མིན་ཞིང་། རྒྱུ་མཚན་དངོས་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་སྡེ་ཁག་ལ་སྟངས་འཛིན་ལས་སླ་པོ་ཡོང་ཆེད་དང་།  བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་དེ་དག་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་ཙམ་བཟོ་ཐབས་ཆེད་དམིགས་པ་ཞིག་ཡིན་པ་གསལ་བོ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ལྷོ་ཕྱོགས་ས་གནས་གསར་འགོད་པོ་དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༦/༢༩

Leave a Reply

3 thoughts on “ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་ཕྱིར་ཕུད་དང་བཀག་ཉར།

  1. གཞུང་པ་ཚེ་དབང་བསོད་ནམས་

    གནད་དོན་འདིའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་དང་
    གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཚོ་ག་
    རེ་བྱས་ནས་གསུང་མི་བྱོན་པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་དབུས་ཆོས་དོན་ཅུས་ཀྱི་གནད་དོན་འདི་ལ་ཞིབ་འཇུག་
    གནང་དགོས་པ་ནི་ས་གནས་ལས་བྱེད་པའི་བྱེད་ཙམ་རེད་དམ་
    དབུས་གཞུང་གི་བཀའ་རེད་ཞིབ་འཇུག་དགོས་པ་རེད།

  3. ༄།མའོ་ཚེ་ཏུང་སྐབས་ཀྱི་མཇུག་མཐའ་མ་འཁྱོག་བའི་རིག་གནས་གསར་བརྗེས་ཆེན་མོ་ཟེར་བ་དེ་སྲིད་འཛིན་ཞིས་ཅིན་ཕིང་གི་བསྐྱར་ལོག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་ཤུལ་མེད་དུ་བཏོང་རྒྱུའི་སྲིད་ཇུས་ནག་པོ་ཞིག་ཉིན་རེ་ནས་ཉིན་རེ་ཇེ་གསལ་རེད་འདུག་གོ།