བྱང་ཀོ་རི་ཡའི་ནང་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་གིས་གོམ་པ་དང་པོ་སྤོས།

སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་བྱང་གཉིས་བར་མུ་མཐུད་གྲོས་མོལ་གནང་རྒྱུ་ཡིན་པ་མ་ཟད་ཀེམ་ཇོང་ཨན་ཝ་ཤིང་ཊོན་དུ་ཕེབས་པར་མགྲོན་འབོད་གནང་ཡོད་སྐོར་གསུངས་འདུགཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཀེམ་ཇོང་ཨན་གཉིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་མཚམས་སུ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཀེམ་ཇོང་ཨན་གྱི་སྣེ་ལེན་ལྟར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀེམ་དང་ལྷན་དུ་བྱང་ཀོ་རི་ཡའི་ས་ཆའི་ཐོག་གོམ་པ་ ༢༠ སྤོས་ཡོད་པ་དང་། དེ་ནི་ལོ་རྒྱུས་ནང་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཕེབས་པ་ཐོག་མ་ཆགས་ཡོད་འདུག་ལ། ཊོམ་ཕུ་མཆོག་ནས་ཀེམ་ཇོང་ཨན་ཝ་ཤིང་ཊོན་དུ་ཕེབས་པར་མགྲོན་འབོད་གནང་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གྱི་ཉིན་མཐའ་མར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཊི་ཝེ་ཊར་བརྒྱུད་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་དང་ཐུག་འཕྲད་བྱེད་འདོད་ཡོད་སྐོར་གསུངས་ཡོད་པ་ལྟར། རྒྱལ་མཚམས་ནས་ཐུག་འཕྲད་བྱུང་སྐབས། ཀེམ་ཇོང་ཨན་གྱིས་ཁྱེད་རང་དང་བསྐྱར་དུ་མཇལ་བར་དགའ་པོ་བྱུང་ལ་། ས་ཆ་འདི་ནས་ཁྱེད་ལ་ཐུག་གི་རེད་བསམ་མྱོང་མེད། ཅེས་བརྗོད་ཡོད་པ་དང་། ཊོམ་ཕུ་མཆོག་གིས། འདི་ནི་ཡར་རྒྱས་ཀྱི་དུས་ཚོད་གལ་ཆེན་ཞིག་ཡིན། ཐུག་འཕྲད་འདིས་ཁྱེད་ཀྱིས་བཀྲ་མ་ཤིས་པའི་འདས་དོན་ཡོངས་གཙང་སེལ་བཟོས་ཏེ། མ་འོངས་པ་ལ་ལྟ་གོན་བྱེད་བཞིན་ཡོད་པ་མཚོན་ཐུབ་ཀྱི་ཡོད། ཅེས་གསུངས་ཡོད་པ་རེད།

ཐོག་མའི་ཆར་ཐེངས་འདིའི་ཐུག་འཕྲད་དེ་སྐར་མ་འགའ་ཤས་ཤིག་ལས་འགོར་གྱི་མེད་པའི་ཚོད་དཔག་བྱས་ཡོད་ཀྱང་། ལྷོ་བྱང་ཀོ་རི་ཡའི་དམག་དོན་གཙང་སེལ་གྱི་ཞི་བདེའི་ཚོགས་ཁང་དུ་ཆུ་ཚོད་ ༡ མ་ཟིན་ཙམ་རིང་བཀའ་མོལ་གནང་བ་བརྒྱུད། འབྱུང་འགྱུར་གྱི་བདུན་ཕྲག་ཅིག་ཏུ་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་བར་བསྐྱར་དུ་ཐུག་འཕྲད་གནང་སྟེ།  བྱང་ཀོ་རི་ཡའི་གོ་མཚོན་དང་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་བཅད་པའི་ཉེས་ཆད་སོགས་གལ་གནད་ཆེ་བའི་བརྗོད་གཞི་ཁག་གི་ཐོག་གྲོས་མོལ་གནང་འཆར་ཡོད་འདུག

ཐེངས་འདིའི་ཐུག་འཕྲད་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དང་མུ་མཐུད་གྲོས་མོལ་གྱི་ལམ་ལ་འགྲོ་བཞིན་པར་བསྔགས་བརྗོད་ཐོབ་ཡོད་པ་ལྟར། ཡེ་ཤུའི་ཆོས་དཔོན་ཕོབ་ཧྥ་རན་སེ་སི་(Pope Francis)མཆོག་གིས་བསྔགས་བརྗོད་གནང་ཡོད་པ་དང་འབྲེལ། ངས་ཐེངས་འདིའི་ཐུག་འཕྲད་ཀྱི་མི་སྣ་གཙོ་བོ་རྣམས་ལ་གུས་བཀུར་དང་། འདི་ལྟ་བུའི་ཐུག་འཕྲད་ཀྱིས་ཀོ་རི་ཡའི་མངའ་ཁུལ་ཞི་བདེའི་ལམ་དུ་འཁྲིད་ཐུབ་པ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་འཕེལ་རྒྱས་ཀྱི་གོམ་སྟབས་གལ་ཆེན་ཞིག་ཆགས་ཡོད། ཅེས་གསུངས་འདུག

ད་ལན་ནི་ཊོམ་ཕུ་མཆོག་དང་ཀེམ་ཇོན་ཨན་རྣམ་གཉིས་ཀྱི་ཐུག་འཕྲད་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང་།  ན་ནིང་ཕྱི་ཟླ་ ༦ པའི་ནང་སངྒ་པོར་དུ་ཐེངས་དང་པོ་ཐུག་འཕྲད་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ནང་ཝི་ཏི་ནམ་དུ་ཐུག་འཕྲད་གཉིས་པ་གནང་ཡོད་པ་དང་། ད་ལྟའི་བར་དུ་གྲོས་མོལ་ལ་གྲུབ་འབྲས་ཅི་ཙམ་ཐོན་ཡོད་མེད་ལ་མ་ལྟོས་པར་འཛམ་གླིང་ཡོངས་ལ་ལོ་རྒྱུས་ཀྱི་རྩོད་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་བར་མིག་དཔེ་བཟང་པོ་བསྟན་པར་ངོས་འཛིན་བྱས་ཡོད་པ་མ་ཟད། སྲིད་འཛིན་ཊོམ་ཕུ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་འོས་པ་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༠༡

Leave a Reply