ཆར་ཤུགས་ཆེན་པོས་མི་གྲངས་ ༢༡ ལྷག་རྐྱེན་འདས་སུ་བཏང་།

རྒྱ་གར་གྱི་ཚོང་གི་ལྟེ་གནས་གྲོང་ཁྱེར་མམ་བྷེ་སོགས་སུ་ཆར་པ་ཤུགས་ཆེན་འབབ་བཞིན་ཡོད་པའི་རྐྱེན་གྱིས་མི་ ༢༡ ལྷག་རྐྱེན་འདས་སུ་ཕྱིན་པ་དང་མ་འོངས་ཉིན་ ༤ ལ་བསྟུད་མར་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུགདེ་རིང་རྒྱ་གར་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན།  ཉེ་སྔོན་ནུབ་ཨ་རབ་རྒྱ་མཚོའི་ཁུལ་དུ་མཚོ་རླུང་ཤུགས་ཆེན་བརྒྱབས་པའི་རྐྱེན་གྱིས། ཁ་སང་རྒྱ་གར་གྱི་ཚོང་གི་ལྟེ་གནས་མམ་བྷེ་གྲོང་ཁྱེར་སོགས་སུ་ཆར་པ་ཤུགས་ཆེན་འབབ་མགོ་ཚུགས་ཡོད་པ་དང་། དེ་རིང་གྲོང་ཁྱེར་དེའི་གཞུང་ལམ་དང་མེ་འཁོར་ལྕགས་ལམ་སོགས་ཆུས་ཁེངས་ཡོད་པ་མ་ཟད། ཁང་པ་ཉིལ་བ་སོགས་ཀྱིས་ད་བར་ཉུང་མཐར་མི་གྲངས་ ༢༡ ལྷག་རྐྱེན་འདས་སུ་སོང་བ་དང་། རྒྱ་གར་གྱི་གནམ་གཤིས་སྔོན་བརྡ་ཚན་པས་ཟླ་འདིའི་ཕྱི་ཚེས་ ༥ བར་ཆར་པ་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དེ་རིང་མཱ་ཧཱ་ར་ཤི་ཊ་ར་ (Maharashtra) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དྷེ་ཝེན་དྷ་ར་ཧྥེ་ཌེ་ན་ཝི་སི་ (Devendra Fadnavis)ལགས་ཀྱིས། སྒེར་གྱི་ཊུ་ཝི་ཊར་དྲ་ལམ་ཐོག་ཆར་བའི་གནོད་སྐྱོན་ཁྲོད་ཚེ་སྲོག་ཤོར་བ་རྣམས་ཀྱི་ནང་མི་གཉེན་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྨས་སྐྱོན་ཕོག་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་རྒྱུར་སྨོན་ལམ་རྒྱག་གི་ཡོད་སྐོར་གསུངས་བ་དང་འབྲེལ། འདས་པོ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་ལ་ཧིན་སྒོར་འབུམ་ ༥ རེ་ཡི་རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་། སྨན་ཁང་དུ་ཆེད་བཅར་གྱིས་འདས་པོའི་ནང་མི་དང་རྨས་སྐྱོན་ཕོག་པ་རྣམས་ལ་སེམས་གསོ་གནང་ཡོད་འདུགམཱ་ཧཱ་ར་ཤི་ཊ་ར་མངའ་སྡེ་གཞུང་གིས་སྤྱི་དམངས་གུང་གསེང་བཏང་སྟེ་ཕྱི་རུ་འགྲོ་སྐྱོད་མི་བྱེད་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་མམ་བྷེ་ལ་འཕུར་བའི་གནམ་གྲུ་ ༥༤ ཡི་ཁ་ཕྱོགས་བསྒྱུར་ཏེ་ཉེ་འགྲམ་གྱི་གནམ་ཐང་ཞིག་ཏུ་འབབ་བཅུག་ཡོད་པ་དང་། གནམ་གྲུ་ ༥༢ ལྷག་ཕྱིར་འཐེན་བྱས།  མེ་འཁོར་ ༥ ཙམ་བཀག་ཡོད་འདུག

ད་ལན་གྱི་ཆར་པ་དེ་གྲོང་ཁྱེར་མམ་བྷེ་ཡི་འདས་པའི་ལོ་ ༡༠ ནང་གི་ཆར་བའི་འབབ་ཚད་མཐོ་ཤོས་ཡིན་འདུག་པ་དང་། ལོ་ལྟར་རྒྱ་གར་ནང་དབྱར་ཁ་བསླེབས་པ་དང་བསྟུན། མམ་བྷེ་སོགས་རྒྱ་གར་ལྷོ་ནུབ་ཁུལ་དུ་ཆར་པ་ཤུགས་ཆེན་འབབ་ཀྱི་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་མམ་བྷེ་རུ་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་མི་གྲངས་ ༨༠༠ བརྒལ་བ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་། མམ་བྷེ་ནི་རྒྱ་གར་གྱི་ཚོང་གི་ལྟེ་གནས་ཆེ་ཤོས་ཤིག་ཡིན་པར་བརྟེན། རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་མི་མང་པོ་གྲོང་ཁྱེར་དེར་བྱ་བ་འཚོལ་བ་དང་སློབ་སྦྱོང་བྱེད་པ། གཏན་སྡོད་སོགས་ཀྱི་ཆེད་དུ་ཡོང་གི་ཡོད་སྟབས། ཁང་པ་སོགས་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཆུ་རྒྱུག་སའི་ཡུར་བ་ཡག་པོ་མེད་པ་སོགས་ཀྱིས། ལོ་ལྟར་ཆར་དུས་བསླེབས་པ་དང་གཞུང་ལམ་གང་སར་ཆུས་ཁེངས་བའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

སྤྱིར་བཏང་འདི་ལོར་རྒྱ་གར་གྱི་ས་ཁུལ་ཕལ་ཆེ་བར་ཡུན་རིང་ཆར་པ་མ་བབས་པའི་རྐྱེན་གྱིས་རྒྱུག་ཆུ་སྐམ་པ་དང་། ས་འོག་གི་འཐུང་ཆུ་རྫོགས་ཏེ། རྒྱ་གར་ལྷོ་ཤར་ཆིན་ནའེ་གྲོང་ཁྱེར་སོགས་ཀྱི་ནང་ཆུ་དཀོན་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་བཞིན་ས་ཁུལ་གཞན་ཁག་ཏུ་ཞིང་ལ་ཆུ་འདྲེན་རྒྱུ་མེད་པའི་དཀའ་ངལ་ཤུགས་ཆེན་ཡོང་གི་ཡོད་སྟབས། ཉེ་སྔོན་རྒྱ་གར་གྲོས་ཚོགས་འོག་མའི་ནང་དུའང་འཐུང་ཆུའི་སྐོར་ནས་གླེང་སློང་དང་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་པ་དང་། གསར་ལམ་ཁག་ཏུའང་གླེང་སློང་ཆེན་པོ་བྱེད་བཞིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༠༢

Leave a Reply

One thought on “ཆར་ཤུགས་ཆེན་པོས་མི་གྲངས་ ༢༡ ལྷག་རྐྱེན་འདས་སུ་བཏང་།

  1. འདི་འདྲ་རྒྱ་གར་མི་མང་ལ་དཀའ་ངར་འཕྲད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཧོ་གོ་བ་བྱས་ནས་རང་ནུས་གང་ཡོད་ཀྱིས་རོགས་སྐྱོར་གནང་ཐུབ་ན་མི་མང་གི་སེམས་ལ་བག་ཆགས་ཤིག་འཇོག་ཐུབ་པར་མ་ཟད་ཁ་ཚ་དགོས་ཐུག་གིས་འོས་པ་ཞིག་དང་འགན་ཡོད་པ་ཞིག་རེད། མ་ཟད་གདན་ས་གསུམ་སོགས་ནས་རང་ནུས་རོགས་རམ་གནང་དགོས་པ་གལ་ཆེན་རེད།