གསང་བའི་ཐོག་ནས་མཉེན་ཆས་ཕབ་ལེན་བྱས་ཏེ་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ནང་འགྲོ་མཁན་ཡུལ་སྐོར་བ་ཚོའི་ཁ་པར་ནང་སྦྲང་མ་བཅུད་ལེན་ཞེས་པའི་མཉེན་ཆས་ཤིག་ལྐོག་ནས་ཕབ་ལེན་བྱས་ཏེ་སྒེར་གྱི་གནས་ཚུལ་རྐུ་འཁྱེར་དང་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་བྱེད་ཀྱི་ཡོད་འདུགདེ་རིང་རྒྱལ་སྤྱིའི་གྷར་དྷིན་གསར་ཁང་དང་ཨ་རིའི་ནེའུ་ཡོག་དུས་བབ་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཡུ་གུར་ནང་བཙན་གནོན་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་གྱི་ཡོད་པ་ལྟར། ཉེ་ལམ་ནས་བཟུང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོ་ཁུལ་གྱི་འགག་སྒོའི་ཉེན་རྟོག་པ་ཚོས། གསང་བའི་ཐོག་ནས་ཡུ་གུར་ནང་འགྲོ་མཁན་ཁ་ཆེ་བ་གཙོ་བོར་གྱུར་བའི་ཡུལ་སྐོར་བ་ཚོའི་ཁ་པར་ནང་རྒྱ་ནག་གཞུང་གིས་བཟོས་པའི་ལྟ་ཞིབ་མཉེན་ཆས་ཤིག་ཕབ་ལེན་བྱས་ཏེ། མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་དང་སྒེར་གྱི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་འདུག

མཉེན་ཆས་དེའི་མིང་ལ་“སྦྲང་མ་བཅུད་ལེན”རྒྱ་ཡིག་གིས་(蜂采 )ཞེས་བྲིས་ཡོད་པ་དང་། མཉེན་ཆས་དེ་ཀུ་ཤུ་དང་ཨན་ཌོར་གཉིས་ཀྱི་ནང་ཕབ་ལེན་ཐུབ་ཀྱི་ཡོད་པ་དང་། ལྷག་པར་དུ་ཨན་ཌོར་ནང་དུ་ཕབ་ལེན་བྱས་རྗེས་གཙང་གསུབ་བྱེད་མི་ཐུབ་པ་དང་། མཉེན་ཆས་དེས་མི་སྒེར་གྱི་གསང་བ་དུས་ཡུན་ག་ཚོད་ལ་ཉར་གྱི་ཡོད་མེད་དང་། རྒྱ་ནག་སྐམ་ས་ནས་ཕྱི་ལ་ཐོན་རྗེས་མུ་མཐུད་གནས་ཚུལ་མཁོ་སྤྲོད་ཀྱི་ནུས་པ་ཡོད་མེད་སོགས་ཤེས་རྟོགས་མེད་པ་དང་། མཉེན་ཆས་དེའི་སྐོར་ལ་གསར་འགོད་པས་རྒྱ་ནག་གཞུང་གི་འབྲེལ་ཡོད་མགོ་འཁྲིད་ཚོར་སྐད་ཆ་དྲིས་ཡོད་ཀྱང་ལན་བརྒྱབས་མེད་འདུག

གསར་འགོད་པས་ས་ཚིགས་བརྒལ་མཁན་ཡུལ་སྐོར་བ་ཚོར་སྐད་ཆ་འདྲི་སྐབས། འགག་སྒོའི་ཉེན་རྟོག་པ་ཚོས་ཁ་པར་འཁྱེར་འགྲོ་བཞིན་ཡོད་པ་དང་། ཁ་པར་ཕྱིར་སྤྲོད་སྐབས་ཉེན་རྟོག་པ་ཚོས་ཁ་པར་ནང་མཉེན་ཆས་རིགས་ཕབ་ལེན་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་བརྗོད་ཀྱི་མེད་པ་དང་། རྗེས་སུ་ཁ་པར་སྒོ་ཕྱེ་སྐབས་མཉེན་ཆས་ཕབ་ལེན་བྱས་ཡོད་པ་ཤེས་རྟོགས་ཡོང་གི་ཡོད་པ་དང་། འགྲུལ་བ་མང་པོ་ཞིག་གིས་མཉེན་ཆས་དེ་ག་རེ་ཡིན་མིན་ལ་དོ་སྣང་བྱུང་མེད་སྐོར་དང་།  གནད་དོན་དེ་བྱུང་སའི་ཡུལ་སྐོར་བ་མང་ཆེ་བ་ཡུ་གུར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀེར་རྗེ་སི་ཐན་(Kyrgyzstan)གཙོའི་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་ནས་ཡོང་མཁན་ཡིན་སྐོར་བཀོད་འདུགགནད་དོན་དེའི་ཐད་གྷར་དྷིན་གསར་ཁང་གི་དྲ་རྒྱ་དང་མཉེན་ཆས་ཆེད་མཁས་པ་ཞིག་གིས། རྒྱ་ནག་གཞུང་གིས་ཡུལ་སྐོར་བ་ཚོའི་ཁ་པར་ནང་ཕབ་ལེན་བྱེད་བཞིན་པའི་མཉེན་ཆས་དེ་རྒྱ་ནག་གཞུང་གི་བཟོ་གྲྭ་ཞིག་གིས་བཟོས་ཡོད་པ་དང་། མཉེན་ཆས་དེས་མི་སྒེར་གྱི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་དང་རྐུ་འཁྱེར་ཐུབ་པ་མ་ཟད། མཉེན་ཆས་ཕབ་ལེན་བྱེད་མཁན་རྣམས་ཀྱི་ཁ་པར་ནང་དུ་ཁ་ཆེ་ཆོས་ལུགས་ཀྱི་དུས་ཆེན་ཆེ་ཤོས་རཱ་མཱ་དྷན(Ramadan)ཀྱི་གནས་ཚུལ་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་གསུང་ཆོས། ཉི་ཧོང་གི་ཨོན་ཧོ་ལའེ་གྷི་རཱབ(Unholy Grave)སོགས་ཀྱིས་བཏང་བའི་གཞས་སོགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ཡང་རྒྱལ་སྤྱིའི་ཨེ་དྷན་ཨོ་མཱ་ནཱོ་ཝེ་ཁི(Edin Omanović)ཟེར་བའི་འཕྲུལ་ཆས་བཟོ་གྲྭ་ཞིག་གིས། རྒྱ་ནག་གིས་དེང་སྐབས་གསང་བའི་ཐོག་མི་སྒེར་གྱི་གནས་ཚུལ་ལེན་ཐབས་སུ་མཉེན་ཆས་རིགས་གང་བྱུང་བཟོ་བཞིན་ཡོད་པ་དང་། ཁ་པར་མཉེན་ཆས་ཁ་ཤས་ཤིག་ཁ་པར་དུ་ཕབ་ལེན་བྱས་རྗེས་ནག་གསུབ་བཏང་ན་ཡང་། མུ་མཐུད་ཁ་པར་གྱི་མ་ལག་ནང་གི་གནས་ཚུལ་རིགས་དང་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ཐུབ་ཀྱི་ཡོད་སྐོར་དང་། ཐེངས་འདིར་ཡུ་གུར་ནང་ཡོང་མཁན་ཚོའི་ཁ་པར་ནང་གསང་བའི་ཐོག་ནས་མཉེན་ཆས་ཕབ་ལེན་བྱས་པ་དེ་ནི་ས་ཁུལ་དེར་དམ་དྲག་ག་འདྲ་བྱེད་ཀྱི་ཡོད་པའི་ཆ་ཤས་ཤིག་ཆགས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་ཞིབ་འཇུག་པ་མཱ་ཡཱ་ཝང་(Maya Wang)ཟེར་བ་ཞིག་གིས། ང་ཚོས་ཡུ་གུར་ཤིན་ཅང་གི་གནས་སྟངས་སྐོར་ལ་ཤེས་རྟོགས་བྱུང་ཡོད་པ་དང་། ལྷག་པར་དུ་ཡུ་གུར་ནང་ཡོང་མཁན་ཊོར་ཁེ་ཡི་ཁ་ཆེ་བ་ཚོ་དམིགས་འབེན་གཙོ་བོར་བཟུང་ཡོད་པ་དང་། ད་ལན་ཙམ་མིན་པར་རྒྱ་ནག་གཞུང་གིས་གསང་བའི་གནས་ཚུལ་བསྡུ་ལེན་གཞི་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་དག་གི་ཁྲོད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་ཚོ་ཡང་ཚུད་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༧ ལོ་ནས་ཡུ་གུར་ནང་ཐལ་སྤྱོད་པ་དང་དྲག་སྤྱོད་པའི་བདེ་འཇགས་ལ་ཆེད་དམིགས་བྱས་ཡོད་སྐོར་བརྗོད་དེ། རྒྱ་ནག་གཞུང་གིས་མི་སྒེར་གྱི་ངོ་གདོང་ལྟ་བཤེར་སོགས་གསང་བའི་ལྟ་བཤེར་འཕྲུལ་ཆས་སྣ་ཚོགས་བཙུགས་ཏེ་ཡུ་གུར་མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༠༣

Leave a Reply