པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རོགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་བོད་རང་སྐྱོང་ལྗོངས་དང་བོད་མི་གནས་སྡོད་ཁུལ་ཀྱི་ཆོས་ལུགས་དམ་དྲག་ཅེས་པའི་བརྗོད་གཞིའི་སྟེང་ཟུར་ཚོགས་བསྡུས།

ཟླ་སྔོན་མའི་ཕྱི་ཚེས་ ༢༤ ནས་མགོ་འཛུགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༢ བར་བདུན་ཕྲག་ ༣ རིང་སུད་སིའི་ཇེ་ནི་ཝ་གྲོང་ཁྱེར་དུ་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་ ༤༡ པ་དང་བསྟུན། ཁ་སང་ཡུལ་དེའི་སྔ་དྲོའི་ས་གནས་ཆུ་ཚོད་ ༡༡ ནས་ ༡༢ བར་འཇར་མན་དུ་རྟེན་གཞི་བྱས་པའི་འཇིག་ཉེན་འོག་གི་མི་རིགས་སྲུང་སྐྱོབ་ཚོགས་(Society for Threatened People)པས། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་བོད་རང་སྐྱོང་ལྗོངས་དང་བོད་མི་གནས་སྡོད་ཁུལ་གྱི་ཆོས་ལུགས་དམ་དྲག་ཅེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་དང་། ཚོགས་འདུའི་སྟེང་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་བསྟི་གནས་ཁང་གི་འགན་འཛིན་བློ་བཟང་རྡོ་རྗེ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཁུལ་གྱི་སྲིད་བྱུས་འགན་འཛིན་སྐུ་ཞབས་ཝིན་སེན་མེ་ཊན་(Vincent Matten)ལགས་སོགས་ཆེད་བཅར་གྱིས། རྒྱ་ནག་གཞུང་གིས་ལོ་ངོ་ ༢༤ རིང་བཙོན་འཇུག་བཀག་ཉར་བྱས་པའི་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་དང་། མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་རྒྱ་ནག་ལ་ཁོང་ཉིད་ཀློད་གྲོལ་ཡོང་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་སོགས་བཏོན་ཡོད་འདུག

ཟུར་ཚོགས་སྟེང་པཎ་ཆེན་ཨེར་ཏེ་ནེ་ཞབས་ཞུ་བསྟི་གནས་ཁང་གི་འགན་འཛིན་བློ་བཟང་རྡོ་རྗེ་ལགས་ཀྱིས། པཎ་ཆེན་སྐུ་ཕྲེང་ ༡༠ བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ནང་གི་བོད་མིའི་འཚོ་གནས་དང་། རིག་གཞུང་ཆོས་དང་བཅས་པར་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་སྐོར་དང་། རྒྱལ་བ་ཡབ་སྲས་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་སྐོར་སོགས་ངོ་སྤྲོད་གནང་བ་དང་འབྲེལ། ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དྲག་པོ་གནང་བའི་ཉིན་བཞིའི་རྗེས་གདན་ས་བཀྲ་ཤིས་ལྷུན་པོར་གློ་བུར་དུ་འདས་གྲོངས་སུ་གྱུར་བ་དང་། དེ་དུས་ཁོང་ལ་གསོལ་དུག་སྦྱིན་ཏེ་བཀྲོངས་པར་ངོས་འཛིན་བྱེད་པར་རྒྱུ་མཚན་མང་དག་ཅིག་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་མུ་མཐུད། རྒྱ་ནག་གཞུང་གིས་མུ་མཐུད་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཀག་ཉར་འོག་འཇུག་བཞིན་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཚང་མར་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གཞུང་ལ་ཁོང་གི་སྐུའི་འཕྲོད་བཞེས་དང་། གང་དུ་བཞུགས་ཡོད་མེད་ཡོངས་གྲགས་བྱ་དགོས་པའི་སྐུལ་འདེད་བྱས་ཡོད་ཀྱང་། ད་བར་དེའི་ཐད་ཁུངས་ལྡན་གྱི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་མེད་པར་བརྟེན། འདས་པའི་ལོ་ངོ་ ༢༤ རིང་༧པཎ་ཆེན་རིན་པོ་ཆེ་ཁོང་ཉིད་གང་དུ་བཞུགས་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་རྒྱ་ནག་ལ་རིན་པོ་ཆེ་དང་ཁོང་གི་ནང་མི། དེ་བཞིན་བྱ་བྲལ་རིན་པོ་ཆེ་བཅས་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། ཁོང་རྣམ་པའི་འཕྲོད་བཞེས་ཇི་འདྲ་ཡིན་མིན་ཐད་རྩད་གཅོད་བྱ་བའི་གོ་སྐབས་ཤིག་སྤྲད་རྒྱུའི་གནོན་ཤུགས་སྤྲོད་དགོས་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཁུལ་གྱི་སྲིད་བྱུས་འགན་འཛིན་སྐུ་ཞབས་མེ་ཊན་ལགས་ཀྱིས་ཟུར་ཚོགས་སྟེང་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་གནས་སྟངས་དང་འབྲེལ། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་ཆོས་ལུགས་དག་རྒྱ་ནག་གི་རྣམ་པར་བསྒྱུར་བཅོས་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་རང་གི་སྟངས་འཛིན་འོག་བསྡུ་ཆེད་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ད་ལྟ་ནས་རྒྱ་ནག་གིས་ངོས་འཛིན་བྱ་སྲིད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དེར་ངོས་ལེན་བྱ་ཐབས་མེད་པ་དང་། ཆོས་ལུགས་ཀྱི་དབུ་འཁྲིད་ཅིག་ཆོས་ལུགས་དེའི་ཚོགས་སྡེ་ཡིས་ཐག་གཅོད་བྱ་རྒྱུ་ལས། རྒྱལ་ཁབ་ཀྱི་གཞུང་ཞིག་གིས་ཐག་གཅོད་བྱ་རྒྱུ་ཞིག་མིན་སྐོར་གྱི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་སྐོར་སོགས་བརྗོད་འདུག

ཐེངས་འདིའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་སྟེང་གདན་ས་བཀྲ་ཤེས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤལ་བྷེ་ཆེ་ལེཌ་ (Michelle Bachelet)ལགས་ཀྱི་མཚན་ཐོག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ངོས་ནས་་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀློད་གྲོལ་ཡོང་རྒྱུའི་ཐད་འཕྲལ་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སོགས་སྦྱིན་དགོས་པའི་ཞུ་ཡིག་དང་ལྷན་དུ། མང་ཚོགས་ཀྱིས་རྒྱབ་སྐྱོར་མཚན་རྟགས་འཁོད་པའི་དེབ་གཉིས་ཕུལ་ཡོད་འདུག གཞན་ཡང་ད་ལན་གྱི་ཟུར་ཚོགས་ནང་ཇེ་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཁབ་དག་གི་གཞུང་ཚབ་མི་སྣ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ས་གནས་བོད་མི་བཅས་ཀྱིས་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༠༣

Leave a Reply