ངོས་ཀྱིས་ཁྱེད་རང་ཚོར་མགོ་འཁྲིད་ནས་ཁྱེད་རང་ཚོས་ཧུར་ཐག་འབད་ཐག་བྱས་ནས་ཡོང་བ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཞུང་ཞབས་ལས་བྱེད་ཟུར་བ་རྣམ་ནས་བརྟན་བཞུགས་བསྟར་འབུལ་སྐབས་ཁྱེད་རང་ཚོ་ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐག་ཆོད་པ་ཞིག་ཡིན་པས་བློ་བདེ་བོ་བྱོས་ཨ་ཞེས་གསུངས་སོང་། 

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དེ་སྔ་དགའ་ལྡན་ཕོ་བྲང་སྐབས་ཀྱི་གཞུང་ཞབས་ལས་བྱེད་ཟུར་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་ཟུར་པ་རྣམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། བརྟན་བཞུགས་ཀྱི་མཛད་སྒོའི་ཐོག་གཞུང་ཞབས་ལས་བྱེད་ཟུར་བ་ ༢༥༠ དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་གཙོས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་འཛོམས་ཡོད་པ་དང་། བརྟན་བཞུགས་གྱི་སྔོན་འགྲོའི་གསུངས་ཆོས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་གཞུང་ཞབས་ལས་བྱེད་ཚང་མས་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བརྟན་བཞུགས་འབུལ་གྱི་ཡོད་པ་རེད། ཁྱེད་རང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པ་དང་གདུང་ཤུགས་དྲགས་པོས་ངོས་རང་ཚེ་རིང་པོ་གནས་རྒྱུའི་ཆེད་རེ་བ་དང་སྨོན་ལམ་བརྒྱབ་ནས་ཡོད་པ་དེར། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོའི་མི་ཚེ་དེ་ཕྱོགས་གཅིག་ནས་བསམ་བློ་བཏང་ན་བཙན་བྱོལ་བ་ཆགས་ཡོད་པ་དང་། ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་རང་དབང་ལུང་པར་བསླེབས་ནས་དེ་སྔའི་ལམ་དང་ལུགས་སྲོལ་གུ་དག་པོ་བྱས་ཏེ་འགྲོ་དགོས་པ་ཁྱོན་ནས་མེད་པ་ཆགས་པ་རེད། ངོས་ལ་མཚོན་ན་རང་དབང་ཐོབ་པ་ལྟ་བུ་ཞིག་རེད། གཞན་བོད་ནང་ཡོད་སྐབས་དགུན་ཁ་རྩེ་ཕོ་བྲང་ལ་བསྡད་པ་དང་དབྱར་ཁ་ནོར་བུ་གླིང་ཀ་ལ་བསྡད་པ་རེད། ཁ་ཤས་ཀྱིས་བཤད་སྲོལ་ལ་ཏཱ་ལའི་བླ་མ་གསེར་གྱི་རླུང་ཙིའི་ནང་དུ་བཞུགས་ཡོད་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། ཡོངས་འཛིན་རྣམ་པ་ཚོས་དཀའ་དྲིན་ལ་དཔེ་ཆ་ལྟ་རྒྱུ་བྱུང་བ་རེད་མ་གཏོགས་གཞན་དེ་འདྲ་རང་བྱས་ཏེ་བསྡད་པ་རེད། ཅེས་གསུངས་སོང་།

ཡང་བཙན་བྱོལ་བ་ཆགས་རྗེས་ཀྱི་གནས་སྟངས་སྐོར་ལ་ཁོང་ཉིད་ཀྱིས། དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་རྗེས་ཕྱོགས་གཅིག་ནས་སོ་སོའི་ལུང་པ་དང་བྲལ་བ་རེད་དེ་ཕྱོགས་གཅིག་ནས་ང་ཚོ་བོད་གངས་ཅན་གྱི་ད་ལྟའི་མི་རབས་འདིའི་བོད་བསྟན་སྲིད་ཀྱི་དོན་དག་ལ་ཚང་མས་དཀའ་ལས་བརྒྱབ་ཡོད་པ་རེད། ངོས་ཀྱིས་ཁྱེད་ཚོར་མགོ་འདྲ་བོ་འཁྲིད་ནས་དེ་རིང་འདིར་ཡོད་པའི་གཞུང་ཞབས་རྙིང་པ་རྒན་གྲས་ཁྱེད་རང་ཚོས་ཧུར་ཐག་འབད་ཐག་བྱས་ཡོད་པ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་བསླེབས་ནས་ལོ་ ༦༠ ལྷག་ཅིག་ཕྱིན་པའི་རྗེས་འདིར། ད་ལྟ་ང་རང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་སོ་སོའི་ལུང་པ་ལ་རང་དབང་བྲལ་ནས་ཡོད་ན་ཡང་། ང་ཚོ་ཐོག་མར་བཙན་བྱོལ་དུ་ཡོང་སྐབས་ཆབ་སྲིད་ཀྱི་སྟེང་ནས་བཙན་བྱོལ་བ་ཆགས་ཡོད་ན་ཡང་། ངོ་ཐོག་རང་ནས་ངོས་ཀྱིས་ཆུང་ཆུང་སྐབས་ནས་སློབ་གཉེར་གནང་བའི་གཞུང་དེ་དག་རྒྱ་གར་ནས་ཡོང་བསྡད་པ་རེད། རྒྱ་གར་གྱི་པཌ་གྲུབ་བཅུ་བདུན་གཙོ་བོར་གྱུར་བའི་དཔལ་ན་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་གཞུང་ལ་ང་ཚོས་སློབ་སྦྱོང་བྱས་ཏེ་འཕགས་བོད་གཉིས་ཞེས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད། དེ་སྔ་ང་ཚོ་བོད་ལ་ཡོད་པའི་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་རིང་ལུགས་ཀྱི་ཆོས་ཞེས་བླ་མའི་ཆོས་ལུགས་རེད་ཅེས་སངས་རྒྱས་པའི་ཆོས་ལུགས་རྣམ་པར་དག་པ་ཞིག་ཡིན་མིན་ཐེ་ཚོམ་བྱས་ནས་ཡོད་པ་རེད། མུ་སྟེགས་པའི་གསང་སྔགས་འབྲེལ་བསྡད་ཡོད་པ་བཤད་མཁན་ཡོད་པ་རེད། རིམ་པའི་རིམ་པའི་འཛམ་གླིང་འདིར་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཁོངས་ཐུབ་པ་ཞིག་དང་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་མཁས་དབང་མང་པོ་ཞིག་གིས་མཐོང་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་ཐབས་སྐྱོ་བོ་རེད་དེ་ཕྱོགས་གཅིག་ནས་ང་ཚོར་གོ་སྐབས་ཡག་པོ་ཞིག་རག་པ་དང་། བོད་མི་རང་ཉིད་ལ་མཚོན་ན་བོད་མི་ཚོའི་རྣམ་དཔྱོད་དང་སྙིང་སྟོབས་གཞན་དང་མི་འདྲ་བ་རེད་འདུག ང་རང་ཚོའི་བོད་ཡིག་ནང་ལ་སྔ་མོ་ལེགས་སྦྱར་གྱི་གཞུང་ནང་ལ་ཡོད་བསྡད་པའི་ཟབ་པ་དང་རྒྱ་ཆེ་བའི་ཚད་མའི་གཞུང་དེ་དག་ཆ་ཚང་བ་བོད་སྐད་ནང་ལ་འགྲེལ་བཤད་བརྒྱབ་ཐུབ་ཀྱི་ཡོད་པ་རེད། སྐད་ཡིག་གཞན་གྱི་ནང་དུ་དེ་ལྟར་ཡོད་པ་མ་རེད་ལ་ལེགས་སྦྱར་སྐད་ནི་ཕལ་ཆེར་མཁས་དབང་རེ་ཟུང་མ་གཏོགས་གཞན་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་ལ་བསླེབས་ནས་རྒྱ་གར་མཁས་པའི་གནའ་རབས་རིག་གཞུང་དེ་དག་བསྐྱར་གསོ་བྱེད་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་པ་རེད། དེ་བཞིན་དེ་རིང་ཁ་སང་བོད་ཀྱི་ཆོས་དང་རིག་གཞུང་ལབ་དུས་འཛམ་པོའི་གླིང་གི་ཤེས་ལྡན་བློ་གཟུ་བོར་གནས་མཁན་ཚོས་རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་ཚུལ་དང་མཐུན་པ། རྨོངས་དད་བྱས་ཏེ་འགྲོ་བསྡད་མཁན་ཞིག་མིན་པ་ཞིག་མཐོང་གི་ཡོད་པ་རེད། དེ་འདྲ་ཡིན་སྟབས་ང་ཚོས་མི་ཐོག་འདིའི་དངོས་ནས་བྱས་རྗེས་བཞག་ཡོད་པ་རེད། ཅེས་གསུངས་སོང་།

དེའི་རྗེས་གཞུང་ཞབས་ལས་བྱེད་ཟུར་བ་རྣམ་ལ་ཆེད་དམིགས་གསུངས་དོན། དེ་རིང་འདིར་ཁྱེད་རང་ཚོ་ལས་བྱེད་ཟུར་བ་རྒན་གྲས་སྤོ་ལགས་རྨོ་ལགས་ཚོ་འདིར་འདུས་ཡོད་པ་དང་། ང་ཚོའི་མི་རབས་དེ་དུས་རབས་དཀའ་ངལ་ཅན་དང་ཧ་ལམ་བོད་མི་རིགས་རིག་གཞུང་དང་བཅས་པ་ཤུལ་མེད་ཀྱི་མཚམས་དེ་འདྲ་ཞིག་ལ་ང་ཚོ་སྐྱེས་པ་རེད་ལ། ད་ལྟའི་ཆར་འཛམ་གླིང་འདིའི་སྒང་ལ་བོད་མི་རིགས་རིག་གཞུང་དང་བཅས་པ་ཁྱད་དུ་འཕགས་པ་ཞིག་ཆགས་བསྡད་ཡོད་པ་དེ་དག་ང་ཚོའི་བྱས་རྗེས་རེད་། དེ་ནས་བོད་གངས་ཅན་གྱི་ལྗོངས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཟེར་ནས་བཤད་ཀྱི་ཡོད་པ་རེད་ལ། དེ་དངོས་བྱུང་གི་ལོ་རྒྱུས་ནང་དུ་བལྟས་པ་ཡིན་ན་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་བསྡད་པ་ཞིག་རེད་འདུག གངས་ཅན་གྱི་ཞིང་དེ་བསྟན་པ་དང་འགྲོ་བའི་དོན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དམིགས་བསལ་ཐུགས་བསྐྱེད་སྨོན་ལམ་ཡོད་བསྡད་པ་ཞིག་རེད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་སྦོར་ཤོབ་ལྟ་བུ་བཤད་ནས་ང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཡིན་ད་ཞེས་བཤད་ཀྱི་ཡོད། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞིག་ཡོད་པ་རེད་དེ་དངོས་སུ་གལ་བྱེད་རྒྱུ་མེད་དུས། དངོས་སུ་མི་དང་མི་ལ་འབྲེལ་བ་བྱས་ནས་སྐད་ཆ་བཤད་གོ་བསྡུར་བྱེད་མཁན་དེ་ངོས་ཆགས་ཡོད་པ་རེད། དེ་འདྲ་སོང་ཙང་ངོས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཡིན་བསམ་དྲན་བསྡད་ཡོད། ངོས་ལ་མཚོན་ན་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱས་ནས་ཁྱེད་རང་ཚོ་ངོས་དང་མཉམ་དུ་ལོ་ངོ་བཅུ་གྲངས་མང་པོར་དཀའ་ལས་བརྒྱབ་པ་ཡིན་དུས། ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐག་ཆོད་པ་ཞིག་རེད། ཁྱེད་རང་ཚོ་བློ་བདེ་བོ་བྱོས་ཨ། ཞེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༠༥

Leave a Reply

5 thoughts on “ངོས་ཀྱིས་ཁྱེད་རང་ཚོར་མགོ་འཁྲིད་ནས་ཁྱེད་རང་ཚོས་ཧུར་ཐག་འབད་ཐག་བྱས་ནས་ཡོང་བ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ལྷག་བསམ་བཟང་པོའི་འགན་འཁུར་མི་ཚེ་རྫོགས།
    ལྷག་བསམ་རྨ་མེད་གཞུང་མང་ལས་དོན་སྒྲུབས།
    ལྷག་བསམ་ཆེན་པོའི་རྒྱལ་བའི་བཀའ་དགོང་སྒྲུབས།
    ལྷག་བསམ་ཅན་གྱི་གཞུང་ཞབས་ཟུར་པ་ཚོ།
    ལྷག་པའི་བསམ་པས་བརྟན་བཞུགས་དོན་དང་ལྡན།