གད་སྙིགས་ལྕགས་ཀྲིན་ནས་ཐོན་པའི་ཕྲུ་གུ་ཞིག་ཕུལ་བྱུང་གཟེངས་རྟགས་ཀྱི་འོས་མིར་སླེབས་པ།

རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་ན་གཞོན་ཕུལ་བྱུང་གཟེངས་རྟགས་འབུལ་ས་རྟིང་རྩོད་ནང་སླེབས་པའི་བུ་ཆུང་སྐལ་བཀྲ་ངོ་སྤྲོད།

མི་ཚེའི་རྒྱབ་ལྗོངས།

བུ་ཆུང་སྐལ་བཀྲ་ནི་ལོ་ན་གཅིག་ལས་མ་སོན་གོང་དྲིན་ཆེན་ཨ་མ་ཁོང་དང་འཇིག་རྟེན་འདི་ནས་ཁ་བྲལ་རྗེས་མ་གཡར་གྱི་དབྱེ་འབྱེད་འོག་དཀའ་སྡུག་མང་པོ་མྱངས་མཐར་ཕྱི་ལོ་ ༢༠༠༢ ལོར་ལོ་ན་ ༥ སོན་སྐབས་ཕ་རྒན་གྱིས་རྩམ་ཁུག་ཆུང་ཆུང་ཞིག་རྒྱབ་ལ་བསྐལ་ཏེ་ལམ་འགྲོ་བ་ཁག་ཅིག་དང་མཉམ་དུ་རྒྱ་གར་ལ་བཏང་། ཆུང་དུས་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ཕྲུ་གུ་གཞན་གྱིས་ཁོང་ལ་བདག་པོ་མེད་པའི་ལྕགས་ཀྲིན་(གད་སྙིགས་བླུག་སྣོད་)ནང་གི་པུ་གུ་ཞེས་འབོད་མྱོངས་ཡོད་འདུག

ཁོང་ཉིད་འཛིན་རིམ་བཅུ་གཅིག་སྐབས་ཁོང་གིས་ Yes we can “ང་ཚོས་ཐུབ་ཀྱི་རེད”ཅེས་པའི་དབྱིན་དེབ་ཅིག་བཏོན། སྔོན་མ་བདག་པོ་མེད་པའི་ཕྲུ་གུ་ཞེས་མཐོང་ཆུང་བཏང་ས་དེ། རྗེས་སུ་སཱུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དགེ་ལས་ཚོས་གདེང་འཇོག་ཆེན་པོ་བྱེད་ས་དང་སློབ་ཕྲུག་བརྒྱ་ཕྲག་མང་པོས་ཤེས་ཡོིན་དང་སྤྱོད་ལམ་གཉིས་ཀ་མིག་དཔེ་བལྟ་སའི་ཕུལ་བྱུང་གི་སློབ་མ་ཞིག་གི་མཚན་སྙན་འབར། མཚམས་རེར་ཁོང་ལ་རྡ་ས་ནས་སུ་ཇཱ་བར་འགྲོ་བར་བརྡ་གླ་མེད་ཀྱང་། དེབ་ཆུང་གཙོང་བའི་རིན་བབས་ཉུང་ཉུང་དེ་སུ་ཇཱ་སློབ་གྲྭའི་ཚོགས་ཁང་ཡར་རྒྱས་གཏོང་བའི་ཆེད་དུ་རྒན་བདག་ཚོར་ཞལ་འདེབས་ཕུལ།

རྒྱབ་ཕ་མ་དང་མདུན་གཉེན་ཉེའི་མིང་དང་རྒྱབ་བརྟེན་གང་ཡང་མེད་པའི་དྭ་ཕྲུག་དེ་མཐོ་སློབ་འགྲིམས་སྐབས། སློབ་ཡོན་དང་འགྲོ་སོང་། ཐ་ན་ཉིན་རེའི་བཟའ་ཏུང་ཚུན་ལའངས་དཀའ་ངལ་ཤུགས་ཆེ་འཕྲད་ཀྱང་། རྒྱུན་དུ་ཁོང་གིས་ཕུག་བསམ་དང་གཞན་ལ་རོགས་རམ་བྱ་རྒྱུ་ཨང་དང་པོ་དང་། རང་ཉིད་ཀྱི་དཀའ་ངལ་ཨང་གཉིས་པར་བརྩིས་པའི་གྲུབ་འབྲས་ལ་བརྟེན་ནས། མཐར་བྷང་ལོར་ཡོད་པའི་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་Christ University ནང་རྒྱལ་སྤྱིའི་ཕུལ་བྱུང་སློབ་མ་སྟོང་ཕྲག་དྲུག་ཙམ་གྱི་ཚུད་རྒྱུག་ཁྲོད་འདེམས་སྒྲུག་སློབ་ཕྲུག་གྲངས་ལྔ་ཅུའི་ནང་ཚུད་པས་མ་ཚད། ཕྱི་ལོ་ ༢༠༡༩ ལོར་སློབ་མཐར་ལེགས་པར་ཕྱིན།

མཐོ་སློབ་འགྲིམས་དུས་གུང་སེང་སྐབས་སུ་ཟ་ཁང་ཞིག་གི་ནང་ཞོར་ལས་བྱས། འཛིན་གྲྭར་འགྲོ་དུས་སློབ་གྲྭའི་ཉེ་འགྲམ་དུ་རྒྱ་གར་ཇ་གཙོང་མཁན་ཞིག་ལ་མཚམས་རེར་རོགས་པ་བྱས་ནས་ཁོང་གིས་སྤྲད་པའི་ཆུ་ཁོལ་དེ་འགྱིག་ཁུག་ནང་མགྱོག་ཐུག་སྦངས་ནས་བཟས། མཐོ་སློབ་ནང་སྡིང་ཆ་འདྲ་མིན་ཐོག་ཁོང་གི་གཏམ་བཤད་དེ་དག་གིས་རྒྱལ་ཕྱི་ནང་གི་སློབ་མ་སྟོང་ཕྲག་མང་པོར་སེམས་འགུལ་ཐེབས་བཅུག་པས་མ་ཚད། གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་མང་པོ་ཞིག་གིས་ཀྱང་ཁོང་གི་སྤྱོད་ལམ་དང་གཏམ་བཤད་ལ་ཡིད་དབང་འཕྲོག་མྱོངས།
མཐོ་སློབ་འགྲིམས་སྐབས། བྷང་ལོ་ས་གནས་གཞོན་ནུའི་ཚོགས་གཙོ་ལོ་གཉིས་དང་། སྐད་གྲགས་ཆེ་བའི་བྷང་ལོ་ཡེ་ཤུ་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་བལྟ་ཞིབ་པ་ལོ་གསུམ། ཡེ་ཤུ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་མི་ལོ་གཉིས། བྷང་ལོ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ལོ་གཉིས། སློབ་ཕྲུག་གསར་པར་སློབ་ཞུགས་རོགས་རམ་གྱི་ལས་ཀ་ལོ་གསུམ་བྱས། ད་དུང་སུ་ཇཱ་སློབ་གྲྭ་ནས་འགོ་བཙུགས་ཏེ་བྷང་ལོ་བར་སློབ་སྦྱོང་གི་ཞོར་དུ་ཁོར་ཡུག་གཙང་བཟོ་སོགས་དང་བླངས་སྤྱིགས་ཚོགས་ཞབས་ཞུའི་ལས་ཀ་མི་ཉུང་བ་ཞིག་བྱེད་མྱོངས་ཡོད།

སློབ་སྦྱོང་གི་ཞོར་དུ་རང་ཉིད་ཀྱི་སློབ་ཡོན་དང་ལྟོ་གོས་འཚོལ་དགོས་ཀྱི་ཡོད་པས་མ་ཚད། སློབ་ཕྲུག་གཞན་ལ་སློབ་འཇུག་རོགས་རམ་ལ་སོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་སྣེ་མང་བྱས་ཡོད་པ་དང་། ཚོགས་སྡེ་མི་ཉུང་བ་ཞིག་གི་ཚོགས་གཙོའི་འགན་འཁུར་བཞིན་ཡོད། སྡོད་གནས་ནས་མཐོ་སློབ་དབར་བར་ཐག་སྤྱི་ལེ་ཁ་ཤས་ཡོད་ཀྱང་ཁོང་གི་རྐང་འཁོར་གཞོན་ནས་རྒྱུན་དུ་སྦག་སྦག་གཞོན་མཁན་སློབ་ཕྲུག་ཚོ་ལས་འཛིན་གྲྭར་སྔོན་དུ་འབྱོར་ཐུབ་པ་བྱེད་ཀྱི་ཡོད་པ་དེས་སློབ་གྲོགས་ཚོ་ཧང་སང་དུ་བཅུག་ཡོད་པས་མ་ཚད། བོད་རིགས་སློབ་ཕྲུག་མང་པོ་ཞིག་གིས་ཀྱང་རྗེས་སུ་སྦག་སྦག་བཏང་བའི་རྒྱས་སྤྲོས་སྤངས་ནས་འཕྲོད་བསྟེན་ལ་ཕན་པའི་རྐང་འཁོར་ཞོན་ནས་སློབ་གྲྭར་འགྲོ་བའི་བག་ཆགས་ཤིག་བཞག་ཐུབ་པ་བྱུང་ཡོད་འདུག

གུང་སེང་སྐབས་སློབ་ཕྲུག་གཞན་རྣམས་ཡར་མར་འཁྱམ་འཁྱམ་འགྲོ་བཞིན་ཡོད་ཀྱང་ཁོང་ནི་དུས་ཚོད་མང་ཆེ་བ་བོད་ཁྱིམ་སྡོད་ཁང་གི་ཟ་ཁང་དེ་བར་དེབ་ཀློག་ནས་སྡོད་བཞིན་ཡོད་སྟབས། ཁོང་གི་མཐུན་ལམ་དང་ཀུན་སྤྱོད་ལ་བརྟེན་ནས་སློབ་ཕྲུག་གཞན་ཚོས་ཁོང་ལ་ཆུ་དང་ཁ་ལག་མི་ཉུང་བ་ཞིག་རྔན་པ་འཁྱེར་ནས་ཡོང་གི་ཡོད་འདུག་པས་མ ཚད། བོད་ཁྱིམ་སྡོད་ཁང་དང་བྷང་ལོ་གྲོང་ཁྱེར་ནང་མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་སློབ་མ་ཚོའི་ཁྲོད་ནས་བུ་ཆུང་སྐལ་བཀྲ་ཞེས་སློབ་ཕྲུག་ཚོས་སློབ་སྦྱོང་དང་། སྤྱོད་ལམ། འཇོན་ཐང་། སེམས་ཤུགས་གང་གི་ཆ་ནས་གདེང་འཇོག་ཆེན་པོ་བྱེད་ས་དང་མིག་དཔེ་བལྟ་ས་ཞིག་ཆགས་ཡོད་འདུག

ངས་ཁོང་ཐོག་མར་ངོ་ཤེས་པའི་བརྒྱུད་རིམ།
ཐོག་མར་ཕྱི་ལོ་ ༢༠༡༣ ལོར་བོད་ཁྱིམ་སློབ་ཕྲུག་ཚོགས་པའི་རོགས་རམ་འོག་ཁོང་དང་ཁོང་འདྲ་བའི་ཉམས་ཐག་སློབ་ཕྲུག་ཁག་ཅིག་བལ་ཡུལ་ལ་གུང་སེང་འཁྲིད་ནས་ཕྱིར་ལོག་ཡོང་དུས། བལ་ཡུལ་ནས་ང་ཚོར་ཅ་ལག་ཞིག་བསྐུར་འདུག་པ་དང་དེ་ནས་བཟུང་ངས་ཁོང་ངོ་ཤེས་སོང་། ཁོང་གི་ལོ་རྒྱུས་རོབ་ཙམ་ཤེས་དུས་ཕྲུ་གུ་སྙིང་རྗེ་བ་ཞིག་མཐོང་ནས་ཐེངས་རྗེས་མའི་གུང་སེང་དེ་ང་ཚོ་རྩ་ལ་ཤོག་ཅེས་ལབ་པ་ཡིན། རྗེས་སུ་གུང་སེང་ལ་སླེབས་དུས་སེམས་ཁམས་རིག་པ་དང་འབྲེལ་བའི་རྩོམ་ཡིག་མི་ཉུང་བ་ཞིག་དབྱིན་ཡིག་ནང་བྲིས་འདུག་པས་མ་ཚད། དེ་ཚོ་བདག་གཅེས་གང་ལེགས་གནང་གི་འདུག་པས་ངས་དེ་ཚོ་ག་རེའི་ཆེད་དུ་ཡིན་མིན་བྲིས་དུས། མ་འོངས་པར་དེབ་ཅིག་གཏོན་ཐུབ་ན་བསམས་སོང་ཟེར། སྐབས་དེར་ངའི་སེམས་ནང་ལ་གུང་སེང་འགྲོ་ས་མེད་པའི་ཕྲུ་གུ་ཅིག་གིས་དེབ་ཅིག་བཏོན་རྒྱུ་ལས་སླ་མོ་མ་རེད་ཅེས་ངས་སེམས་ནང་ལ་ཆིབ་ལབ་ཅིག་བརྒྱབ་པ་ཡིན།

དུས་ཡུན་བདུན་ཕྲག་གཉིས་ཙམ་གྱི་གུང་སེང་དེའི་རིང་། ཁོང་གི་སློབ་སྦྱོང་ལ་འབད་བརྩོན་དང་བསམ་ཤེས། སེམས་ཤུག་དང་ཕུག་བསམ། བསམ་བློའི་གོ་རྟོགས། ཡ་རབས་གཤིས་འཇམ་དེས་ངའི་ཡིད་སེམས་དབང་མེད་དུ་འཕྲོག་སོང་བས། ངའི་མི་ཚེ་ནང་གཞོན་སྐྱེས་སྟོང་ཕྲག་ལས་བརྒལ་བ་མཉམ་དུ་གཤིབ་མྱོངས་ཡོད་ཀྱང་། ཁོང་ལྟ་བུ་ཞིག་ད་ལྟ་བར་འཕྲད་མ་མྱོངས་སྟབས། ང་རང་ཉིད་ཀྱང་རང་འགོ་ཐོན་པ་དེ་འདྲ་ཞིག་མིན་ཀྱང་ཁྱེད་ཀྱི་དེབ་དེ་འདྲ་ཞིག་བཏོན་ཐུབ་རྒྱུ་ངའི་ནུས་ཤུགས་ཡོད་ཚད་རོགས་རམ་བྱ་རྒྱུ་ཡིན་ཞེས་སེམས་ཐག་བཅད་པ་ཡིན།

མཐའ་མར་ནོ་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་མགུར་འབུམ་རྒྱལ་ལགས་དང་། བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་ག་གེ་མོ་ཞིག་གི་དཔལ་འབྱོར་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་ལོ་ ༢༠༡༤ ལོར་ཁོང་ཉིད་འཛིན་རིམ་ ༡༡ སྐབས་ང་ཚོས་ཐུབ་ཀྱི་རེད་ Yes We Can ཞེས་པའི་དབྱིན་དེབ་སྤུས་ལེགས་ཤིག་དཔར་བསྐྲུན་བྱས་ཐུབ་ཡོད་པས་མ་ཚད་སློབ་ཕྲུག་སྟོང་ཕྲག་ཙམ་ཡོད་པའི་སུ་ཇཱ་སློབ་གྲྭ་དེ་གཡོ་འགུལ་ཆུང་ཆུང་ཞིག་བཏང་ཡོད། ལྷག་པར་དེབ་དེའི་ནང་ (A journey of a school boy) སློབ་མ་ཞིག་གི་འགྲུལ་ཞུད་ཅེས་པའི་ཁོང་གི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་དེས་ཕྱི་ནང་གི་ཀློག་པ་པོ་མི་ཉུང་བ་ཞིག་ལ་སེམས་ཚོར་དང་མིག་ཆུའི་ཐིག་པ་ས་རུ་ཟག་བཅུག་ཡོད།

ཕྱི་ལོ་ ༢༠༡༦ ལོར་མཐོ་སློབ་འགྲོ་ཁར་ང་ཁོང་དང་འཕྲད་སོང་བས། སློབ་ཡོན་འདང་སོང་ངམ་འགྲོ་སོང་གང་འདྲ་བྱུང་སོང་ཞེས་དྲིས་པ་ཡིན། ཁོང་གི་ཇོ་ཇོ་ཅིག་འགྲིག་འགྲོ་གི་རེད་ཟེར། འབག་ཁུག་ནང་མོ་ཊ་བརྡ་གླ་ཡང་འདང་ལ་མ་འདང་ཞིག་ལས་མི་འདུག་པས། མཐོ་སློབ་འགྲིམས་པར་འགྲིག་འགྲོ་རྒྱུ་ཞིག་ཁག་པོ་རེད་བསམས་ནས་སྙིང་རྗེ་ཚད་མེད་སྐྱེས་ནས་ཇ་འཐུང་ས་སྒོར་རྡོག་ཁ་ཤས་ཤིག་སྤྲད་པ་དང་མཉམ་དུ་ཁོང་གི་སེམས་ཤུགས་དང་སྙིང་སྟོབས་ལ་ཧང་སང་སོང་། རང་ཉིད་ཀྱི་མི་ཚེའི་ནང་ལ་དཀའ་སྡུག་སྣ་ཚོགས་མྱངས་མྱོངས་ཡོད་ཀྱང་ཐོག་མའི་རྒྱབ་ལྗོངས་བུ་ཆུང་སྐལ་བཀྲའི་གནས་སྟངས་ལྟ་བུ་ཞིག་ཡིན་ཚེ་ང་དང་ང་ལྟ་བུའི་གཞོན་སྐྱེས་༼ཐང་བདེ་མོ་ཨ་ལ་ཐ་ལ་ལེན་མཁན་ཚོས་༽དེ་འདྲའི་གདོང་ལེན་དང་ཉམས་པ་མེད་པའི་སེམས་ཤུགས་ཤིག་སྐྱེ་ཐུབ་རྒྱུ་ཁག་པོ་རེད་དྲན་ཡོད།

མདོར་དོན་ཚིག་གི་རྩ་བ་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱི་གཟེངས་རྟགས་འདིའི་དམིགས་ཡུལ་ནི་མ་འོངས་པར་བོད་གངས་ཅན་གྱི་ན་གཞོན་ཚོས་ཤེས་ཡོན་དང་། ལྷག་བསམ། འཇོན་ཐང་། ཀུན་སྤྱོད། དམིགས་བསལ་དཀའ་སྡུག་གང་ལ་ཐུབ་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་སོགས་མིག་དཔེ་བལྟ་སའི་ན་གཞོན་ཞིག་ཡིན་དགོས་ཚེ། བུ་ཆུང་སྐལ་བཀྲ་ནི་ཕུལ་བྱུང་གི་དཔེ་མཚོན་ཞིག་དང་མ་འོངས་པའི་གཞོན་སྐྱེས་རེ་བ་ཅན་ཞིག་ཡིན།

མཇུག་མཐར། བུ་ཆུང་སྐལ་བཀྲ་ལགས། ཁྱེད་ཀྱིས་དེ་སྔོན་དེབ་ཀྱི་ཁ་བྱང་ཐོག་ང་ཚོས་ཐུབ་ཀྱི་རེད་ཅེས་བྲིས་འདུག འོན་ཀྱང་“ང་ཚོས་ཐུབ་མིན་མི་ཤེས་”ཏེ་ “ཁྱེད་ཀྱིས་ངེས་པར་ཐུབ་ཀྱི་རེད་” Yes you Can ཅེས་ཞུ་བ་དང་ལྷན་དུ་འབྲི་མཚམས་འདི་ནས་འཇོག་གི་ཡིན།
ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་གྱི་དགོང་མོར་ཚ་བའི་སྐར་ཆེན་གྱིས་བྲིས།

བསྐྱར་བཅོས།: ༢༠༡༩/༠༧/༠༨

Leave a Reply

18 thoughts on “གད་སྙིགས་ལྕགས་ཀྲིན་ནས་ཐོན་པའི་ཕྲུ་གུ་ཞིག་ཕུལ་བྱུང་གཟེངས་རྟགས་ཀྱི་འོས་མིར་སླེབས་པ།

  1. ང་ནི་ཁྱེད་ལ་ཡི་རང་ཞུ་བཞིན་ཡོད།
    མིང་རྫིག་པོ་ཞིག་ཁྱེད་ལ་འཁུར་རྒྱུ་མི་འདུག ཕ་མ་སྤུན་མཆེད་རྫིག་པོ་ཞིག་ཁྱེད་ལ་ངོམས་རྒྱུ་མི་འདུག ཁ་སྙན་པོ་ནི་ཁྱེད་ཀྱིས་བཤད་ཤེས་ཀྱི་མི་འདུག གཡོ་སྒྱུ་ནི་ཁྱེད་ཀྱིས་ཤེས་ས་མ་རེད། ཆབ་སྲིད་འཁྲབ་སྟངས་ནི་ཁྱེད་ལ་མི་འདུག ཁྱེད་ནི་ནག་རི་སྐམ་པོ་ཞིག་ལས་མི་འདུག་པས། གཞན་གྱི་མགོ་ལ་རྒྱག་བྱེད་ནི་ཁྱེད་ལོ་ས་མ་རེད། ང་ཁྱེད་ལ་རྒྱབ་སྐྱོར་མེད། ཁྱེད་ལ་གང་ཡང་མི་འདུག ང་ལ་མཁོ་བ་ནི་ཁྱེད་མ་རེད། ཡིན་གྱི་རེད། ཡིན་ནའང་། རྔ་ལ་དབྱུག་གུས་མ་བསྣུན་བར། དེའི་བར་དུ་གཏིང་མི་དཔོག ཟེར་བའི་དཔེ་ལྟར། མ་འོངས་པར་ཁྱེད་ཀྱིས་ལས་ཀ་གང་ཡིན་ཡང་དེ་དེ་བཞིན་གྱི་བྱས་ཐུབ་པའི་ཡི་ཆེད་ཡོད།
    ཁྱེད་ཀྱང་དེང་འདིར་བྱ་བ་རྩོམ་པ་ལ།།།
    གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས།།
    འདོད་དོན་དཔལ་འཕེལབསམ་དོན་ལྷིན་གྱིས་འགྲུབ།།
    བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།