དྷ་རམ་ས་ལར་དབུ་མའི་ལམ་གྱི་ཡན་ལག་ཁུངས་ཤིག་ཕྱེས།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དྷ་རམ་ས་ལར་ཡན་ལག་ལས་ཁུངས་ཤིག་སྒོ་ཕྱེས།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པའི་ཐོག་བཞུགས་སྒར་དྷ་སའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་གཙི་དང་འབྲེལ། དྷ་ས་ས་གནས་རྒྱུན་ལས་གསར་འཛུགས་ཀྱི་མཛད་སྒོ་ཞིག་བསྡུས་པའི་ཐོག རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྡ་ས་ས་གནས་རྒྱུན་ལས་སྐབས་དང་པོར་ས་རྒྱུན་གསར་པ་ ༡༡ ཐད་བསྐོས་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རེ་གཉིས་ཤིག་དང་། དབུས་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་སོགས་མི་གྲངས་ ༦༠ ལྷག་འཛོམས་འདུག

དེ་ཡང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་དང་རྒྱལ་སྤྱིའི་སྤྱི་ཚོགས་སྐོར་ནས་གཏམ་བཤད་གནང་སྐབས། དབུ་མའི་ལམ་དེ་ཉིད་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཡོད་པ་ཞིག་ཡིན་སྟབས། རང་ཤུགས་ཀྱིས་དེ་ནི་བོད་མི་ཁོ་ནའི་ཆེད་དུ་མིན་པར། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་དང་། ད་བར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཆབ་སྲིད་ཀྱི་མགོ་འཁྲིད། འཛམ་གླིང་ནང་གྲགས་ཆེ་བའི་རྒྱ་རིགས་མཁས་པ་སོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པའི་ཚད་གཞི་ཧ་ལས་པས་མཐོན་པོ་ཡིན་པ་དང་། བོད་མི་རིགས་འདི་དབུ་མའི་ལམ་ཐོག་བསྐྱོད་ཐུབ་ཚེ། འཛམ་གླིང་འདིའི་སྟེང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་ཆགས་ཐུབ་རྒྱུའི་རེ་བ་ཡོད་སྐོར་བརྗོད་སོང་།

གཞན་ཡང་ཁོང་གིས། དབུ་མའི་ལམ་གྱི་ཐོག་ལ་སྐྱོད་མཁན་དང་། ལྷག་པར་དུ་དབུ་མའི་ལམ་གྱི་མགོ་འཁྲིད་ཚོས་ངེས་པར་དུ་ཤེས་དགོས་པའི་དབུ་མའི་ལམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསུམ་དང་རྩ་དོན་གཉིས་ཡོད་པ་དང་། དེ་ཡང་དབུ་མའི་ལམ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་འཏོད་མཛད་པའི་འཛམ་གླིང་སྟེང་གི་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་དཀའ་ངལ་སེལ་བའི་ཆབ་སྲིད་ཀྱི་སྲིད་བྱུས་ཤིག་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཁྲོད་མི་མང་རང་གིས་མང་མོས་ཐག་གཅོད་བྱས་པའི་ཆབ་སྲིད་ཀྱི་སྲིད་བྱུས་ཐོག་མ་དེ་ཆགས་ཡོད་པ་མ་ཟད། འཛམ་གླིང་གི་ཞི་བདེ་ལ་ཁ་ཕྱོགས་པའི་སྲིད་བྱུས་ཤིག་ཡིན་སྐོར་དང་། དབུ་མའི་ལམ་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་དང་། ང་ཚོའི་ནང་པའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་འཚེ་མེད་ཞི་བའི་ལྟ་གྲུབ་བཅས་ཛ་དྲག་གིས་བསྐྱབ་རྒྱུའི་ཐབས་ལམ་ཞིག་ཡིན་པ་མ་ཟད། དེའི་ཐོག་ནས་མ་འོངས་པར་བོད་མི་རིགས་འདི་འཛམ་གླིང་སྟེང་ལ་ཕན་ཐོགས་རང་བཞིན་གྱི་མི་རིགས་ཤིག་ཏུ་འགྱུར་རྒྱུའི་གོ་སྐབས་ཡོད་སྐོར་དང་། གལ་ཏེ་དབུ་མའི་ལམ་གྱི་ཁྱད་ཆོས་དང་རྩ་དོན་འདི་དག་ལ་སློབ་སྦྱོང་བྱེད་ཚེ། ད་གཟོད་དབུ་མའི་ལམ་གྱི་རིན་ཐང་རྙེད་རྒྱུར་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

མཛད་སྒོའི་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་ནང་གི་གནས་སྟངས་སྐོར་ནས་གཏམ་བཤད་སྤེལ་བའི་ནང་། དུས་རྒྱུན་དབུ་མའི་ལམ་དང་བོད་ནང་གི་གནས་སྟངས་སྐོར་འགྲེལ་བརྗོད་བྱེད་དུས་ཕྱོགས་གཉིས་ལྟ་བུ་ཆགས་ཀྱི་ཡོད་པ་དང་། དེ་ཡང་དཔེར་ན་རྒྱ་ནག་གཞུང་གིས་ད་བར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཆོལ་གསུམ་བོད་མི་རྣམས་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཡོངས་སུ་ལོངས་སྤྱོད་བྱེད་ཀྱི་ཡོད་པ། དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཡར་རྒྱས་སོང་བའི་སྐོར་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེ་ནི་ཕྱོགས་སུ་ལྷུང་བ་ཞིག་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགའ་ཤས་ཀྱིས་ད་དུང་ལྔ་བཅུ་ང་གྲངས་ནང་རྒྱ་ནག་གིས་སྡུག་པོ་གཏོང་རབས་སོགས་སྒྲུང་བཤད་པ་ལྟ་བུ་བྱས་ཏེ། ཧ་ལམ་དེང་སྐབས་ཀྱང་དེ་ལྟར་ཡིན་པའི་བཟོ་ལྟ་བུར་བཤད་ཀྱི་ཡོད་པས། ཕྱོགས་གཉིས་ཀས་མཐའ་གཉིས་སུ་ལྷུང་བའི་གནས་ཚུལ་བཤད་ཀྱི་ཡོད་པ་དང་། རྒྱ་མི་བཞིན་བོད་མིས་ཀྱང་ཧམ་བཤད་བྱེད་ཚེ། དེས་རྒྱ་མི་དང་བོད་པའི་བར་ཁྱད་པར་གང་ཡང་བཟོ་ཐུབ་ཀྱི་མེད་པ་སྐོར་དང་། སྤྱིར་ལོ་རྒྱུས་གང་ཡིན་པ་དེ་དྲན་པ་བརྗེད་མི་ཉན་ཡང་། ལོ་རྒྱུས་ཀྱི་གནས་ཚུལ་ཞིག་ད་ལྟ་འབྱུང་བཞིན་པ་ལྟ་བུའི་འགྲེལ་ལོག་བརྒྱབ་ན་དེས་ཕན་ཐོགས་ཀྱི་ཡོད་མེད་ཐེ་ཚོམ་ཡིན་སྐོར། དེ་བཞིན་ཕྱི་ལོགས་ལ་ཡོད་པའི་མི་མང་པོ་ཞིག་གིས་དྲ་ཐོག་བརྒྱུད་ནས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་དེ་དག་རང་གི་ཚོང་གི་མ་རྩར་སྤྱད་དེ་འཚོ་ཐབས་ལྟ་བུ་བྱེད་ཀྱི་ཡོད་པ་དེ་འགྲིག་གི་མེད་པ་དང་། སྤྱིར་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་མྱོང་བཞིན་པའི་གནས་ཚུལ་རྣམས་ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་དགོས་ཀྱི་ཡོད་ཀྱང་། དེ་དག་རང་གི་ཉིན་རེའི་འཚོ་ཐབས་ལྟ་བུར་སྤྱད་པ་ནི་འགྲིག་གི་མེད་པ་མ་ཟད། ཁོ་ཚོར་དེ་ལྟར་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་སྐོར་དང་། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ཕྱག་ལས་གནང་མཁན་གྱི་བོད་མི་འཐབ་གྲོགས་ཚོས་བོད་ནང་གི་བོད་མིའི་ཚབ་མཚོན་ལྟ་བུ་བྱེད་འདོད་ཡོད་ཚེ། གཞིས་ལུས་བོད་མིའི་མངོན་འདོད་གང་ཡིན་ཤེས་དགོས་པ་གལ་ཆེན་ཡིན་པ་དང་། ཁོང་ཚོའི་མངོན་འདོད་གཙོ་བོ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དེ་ཡིན་པ་དང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་མདོར་བསྡུས་ན་བདེན་པ་བཞིའི་ནང་ཚུད་ཀྱི་ཡོད་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་སྒར་གི་མཛད་པ་ཚང་མ་དབུ་མའི་ལམ་གྱི་ནང་ལ་ཚུད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

མཛད་སྒོའི་གཏམ་བཤད་ལས་རིམ་གྲུབ་རྗེས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ཀྱིས་ས་གནས་རྒྱུན་ལས་གསར་པ་རྣམས་ལ་མཇལ་དར་དང་སྦྲགས་འཚམས་འདྲིའི་ཤིས་ཚིག་གནང་སོང་བ་དང་། ལས་འགུལ་ཁང་དེའི་འབྲེལ་མཐུད་པ་དབྱངས་ཅན་ལགས་ཀྱིས་རྒྱུན་ལས་གསར་བ་རེ་རེའི་ལོ་རྒྱུས་ཐུང་ངུ་རེ་འགྲེལ་བརྗོད་གནང་སྐབས། ད་ཐེངས་ཀྱི་རྒྱུན་ལས་རྣམས་གནད་ཡོད་མི་སྣ་ཁག་དང་གྲོས་བསྡུར་བརྒྱུད་ཐད་བསྐོས་གནང་བ་ཞིག་ཡིན་པ་དང་། ཕལ་ཆེ་བ་མཐོ་རིམ་སློབ་གྲྭ་ཐོན་པ་དང་། སྤྱི་ཚོགས་ནང་ཞབས་ཞུ་གང་འཚམ་བསྒྲུབས་མྱོང་མཁན་ཤ་སྟག་ཡིན་སྐོར་དང་། སྐབས་རྗེས་མའི་ས་གནས་རྒྱུས་ལས་རྣམས་འོས་བསྡུ་བརྒྱུད་ནས་བསྐོ་བཞག་བྱ་རྒྱུ་ཡིན་སྐོར་བརྗོད་སོང་། 

འདི་གའི་གསར་འགོད་པས་ས་རྒྱུན་གསར་བ་བྱམས་པ་དགོན་པོ་ལགས་ལ་ས་རྒྱུན་ནང་ཞུགས་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། སྤྱིར་ང་རང་དེ་སྔོན་ནས་དབུ་མའི་ལམ་གྱི་ཆོགས་ཆེན་ནང་ཐེངས་གཉིས་གསུམ་བཅར་མྱོང་ཡོད་པ་དང་། སོ་སོའི་ངོས་ནས་རང་བཙན་དང་དབུ་མའི་ལམ་བར་གཤིབ་བསྡུར་བྱེད་སྐབས་དབུ་མའི་ལམ་དེ་ལེགས་པ་ལྟ་བུ་མཐོང་བའི་རྐྱེན་གྱིས། ད་རེས་སོ་སོས་སྤྱི་ཚོགས་ལ་ཞབས་ཞུ་ཞིག་བསྒྲུབ་རྒྱུའི་ཆེད་ས་རྒྱུན་ནང་ཞུགས་པ་ཡིན། ཅེས་དང་། སྤྱིར་ངས་རྒྱ་སྐད་ཏོག་ཙམ་ཤེས་ཀྱི་ཡོད་པར་བརྟེན། མ་འོངས་པར་སྐད་འཕྲིན་སོགས་བརྒྱུད་ནས་རང་གི་ངོ་ཤེས་རྒྱ་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་འགྲེལ་བརྗོད་བྱ་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༠༧

Leave a Reply

3 thoughts on “དྷ་རམ་ས་ལར་དབུ་མའི་ལམ་གྱི་ཡན་ལག་ཁུངས་ཤིག་ཕྱེས།

  1. 😂 Wao ! 👍👍👍 Good Very Good. Wonderful Opening. Thank You 🙏 But I Hope I request plz To be Continu. Don’t be Turn Rama Lug or Chameleon 🦎 We Full Support Umey Laam 100% བོད་རྒྱལ་ལོ། ✊ དབུ་མའི་ལམ་རྒྱལ་ལོ། ✌️FREE TIBET

  2. ༄།དབུ་མའི་ལམ་གྱི་ཁྱད་ཆོས་གསུམ་དང་རྩ་དོན་གཉིས་ཟེར་བའི་ཚིག་འདི་ཤར་ཕྱོགས་ཁུག་རྟས་གསར་བཟོ་བྱས་པ་ཞིག་ལས་གཞུང་འབྲེལ་གྱི་ཡིག་ཆ་གང་དུ་ཡང་ཁྱད་ཆོས་གསུམ་དང་རྩ་དོན་གཉིས་ཟེར་བ་ཞིག་ཡོད་མ་རེད།ད་དུང་དབུ་མའི་ལམ་ནི་རྒྱ་ནག་གི་རྩ་ཁྲིམས་འོག་མིང་དོན་མཚུང་པའི་རང་སྲིད་རང་སྐྱོང་ཞིག་ཡིན་པས་འཛམ་གླིང་སྟེང་བོད་མི་རིགས་འདི་ཁྱད་ཆོས་ལྡན་པ་ཞིག་དུ་ཅི་ལྟ་འགྱུར།དེ་ཀྱང་མ་ཙད་ཚོགས་གཞོན་གྱི་སྐད་ཆའི་ཚིག་གི་ནང་ན་ཚིག་མི་འདུག་གམ་་་་?་་་འདི་ལྟ་བུའི་འགྲེལ་ལོག་ཀྱང་བཤད་ན་དབུ་མའི་ལམ་བཟང་འདི་ལམ་ལོག་དུ་ཁྲིད་རྒྱུ་རེད་མི་འདུག་གམ་་་་་?
    དོན་ངོ་མ་དབུ་མའི་ལམ་འདོད་ན་གཞུང་འབྲེལ་ཡིག་ཆ་གཞི་བཞག་ནས་འགྲོ་ཐུབ་ན་ཕན་ཐོག་ཆེ་བས་མ་འོང་ཡིད་ཟབས་གནང་རྒྱུའི་རེ་བསྐུལ་ཡིན།
    དགོངས་འགལ་མེད་པ་ཞུ་གསར་འགྱུར་འདི་འཚོ་བ་མ་འདྲ་བ་ཞིག་སྤྲོད་སོང་།།

  3. རྗེ་བོ་རྣམ་དཔྱོད་ཅན་གྱི་ཐུགས་དགོངས་རླབས་ཆེན། འཛམ་གླིང་ཞི་བདེ་ལ་ཕྱོགས་པའི་གསར་བཏོད་ཀྱི་ལམ་བཟང།བོད་ཀྱི་ཆོས་དང་རིགས་གཞུང་མི་རིགས་འཚོ་གནས་ཀྱི་ལྕགས་རི་ཆེ་མོ།གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ལ་ངེས་པ་རྙེད་པའི་སྤྱི་ཚོགས་ཞབས་ཞུ་བ་རྣམ་པར་ཨོ་གླིང་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།