རྩོམ་པ་པོ་ཞིག་གི་བཟའ་ཟླ་ཕྱི་ལ་བསྐྱོད་མི་ཆོག་པ་བཟོས།

རྒྱ་ནག་གཞུང་གི་བཀག་ཉར་འོག་ཡོད་པའི་རྒྱ་རིགས་རྩོམ་པ་པོ་ཡཱང་ཧིན་ཅིན་ལགས་ཀྱི་བཟའ་ཟླ་ཞའོ་ལིང་ཡན་ལགས་པེ་ཅིན་གནམ་ཐང་ནས་བཀག་འགོག་བྱས་ཏེ་འདྲི་རྩད་ཡུན་རིང་བྱས་རྗེས་ཕྱི་རུ་གཏན་ནས་འགྲོ་མི་ཆོག་པ་བཟོས་ཡོད་འདུགཁ་སང་ཕྱི་ཚེས་ ༨ ཉིན་གནས་ཚུལ་ཐོན་པ་ལྟར་ན། ཉིན་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་རྒྱ་རིགས་རྩོམ་པ་པོ་དང་སློབ་དཔོན་ཆེན་མོ་ཡཱང་ཧིན་ཅིན་(Yang Hengjun)གྱི་བཟའ་ཟླ་ཞའོ་ལིང་ཡན་(xiaoliang yuan)ལགས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་ནས་ཨོ་སི་ཊོ་ལི་ཡར་འཕུར་གྲབས་བྱེད་སྐབས། རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ་ཕྱི་རུ་གཏན་ནས་བསྐྱོད་མི་ཆོག་པ་བཟོས་ཡོད་པ་མ་ཟད། མགྲོན་ཁང་ཞིག་ཏུ་འཁྲིད་དེ་ཆུ་ཚོད་ཁ་ཤས་རིང་འདྲི་རྩད་སོགས་བྱས་རྗེས་ཀློད་གྲོལ་བཏང་ཡོད་འདུག

གནད་དོན་དེའི་ཐད་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་ཁྲིམས་རྩོད་པ་རོབ་སི་ཊཱ་རེ(Rob Stary)ཞེས་པས། ཞའོ་ལིང་ཡན་ལགས་ལ་གནད་དོན་གང་ཡང་མེད་པ་དང་། རྒྱ་ནག་གཞུང་གིས་མོའི་ཁྱོ་ག་ཡི་གནད་དོན་དང་འབྲེལ་མོའི་འགྲོ་འདུག་ལ་བཀག་འགོག་བྱེད་པ་ནི་ལུགས་དང་མཐུན་པ་ཞིག་མིན་སྐོར་བརྗོད་ཡོད་པ་དང་། གཞན་མོ་རང་ངོས་ནས་གནས་ཚུལ་དེའི་སྐོར་ལ་གང་ཡང་བཤད་ཐུབ་མེད་པ་དང་། མོར་བཀག་འགོག་དང་འདྲི་རྩད་བྱས་པ་ལས་བཙོན་བཅུག་བཀག་ཉར་འོག་བཞག་མེད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་རྒྱ་རིགས་རྩོམ་པ་པོ་དང་སློབ་དཔོན་ཆེན་མོ་ཡཱང་ཧིན་ཅིན་(Yang Hengjun)དང་ཁོང་གི་བཟའ་ཟླ་གཉིས་རྒྱ་ནག་ནང་ལོག་པ་དང་བསྟུན། ཡཱང་ཧིན་ཅིན་གྱིས་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱས་ཏེ་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ་ཟླ་ ༦ ལྷག་འགྲོ་བཞིན་ཡོད་པ་དང་། དུས་དེའི་ཡུན་རིང་ཁོང་གི་བཟའ་ཟླ་དང་བུ་མོ་གཉིས་རྒྱ་ནག་ཏུ་ཡོད་པའི་ཉེ་འབྲེལ་ཞིག་གི་ནང་དུ་བསྡད་ཡོད་པ་དང་། ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་གཞུང་ལ་ཡཱང་ཧིན་ཅིན་ལ་ཉེས་སྐྱོན་ག་རེ་ཡོད་པ་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་ཀྱང་། རྒྱ་ནག་གཞུང་ནས་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པར་དུས་རྒྱུན་སྐྱོན་བརྗོད་དང་ངན་སྐུལ་རིགས་བྱེད་བཞིན་ཡོད་པ་དང་། དེ་ཡིས་རྒྱལ་སྲུང་བདེ་འཇགས་ལ་གནོད་སྐྱོན་བཟོ་ཡི་ཡོད་སྐོར་བརྗོད་པ་ཙམ་ལས་ཁ་གསལ་གང་ཡང་བརྗོད་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཱ་རེ་སི་པེན་(Marise Payne)ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་གཞུང་གིས་སློབ་དཔོན་ཡཱང་ཧིན་ཅིན་གྱི་གནད་དོན་ཐད་ནམ་རྒྱུན་ནས་རྒྱ་ནག་གཞུང་དང་ཚད་མཐོའི་འབྲེལ་བ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡཱང་ཧིན་ཅིན་འཛིན་བཟུང་དགོས་པའི་གནད་དོན་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་། གལ་ཏེ་ཁོང་འཛིན་བཟུང་བྱེད་དོན་ཁོང་གི་ཆབ་སྲིད་ལྟ་ཚུལ་ཙམ་གྱི་ཆེད་ཡིན་ན། ཁོང་མྱུར་དུ་ཀློད་གྲོལ་དགོས་པ་དང་། ཨོ་སི་ཊོ་ལི་ཡ་གཞུང་གིས་ཁོང་མྱུར་དུ་རྒྱ་ནག་ནས་ཕྱི་ལ་ཡོང་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སམ་མིར་ལོ་ཕུད་རྫི་(Summer Lopez)ལགས་ཀྱིས། གལ་སྲིད་སྐུ་ཞབས་ཡཱང་ལགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་མེད་ཚེ་ཁོང་འཛིན་བཟུང་བྱེད་དགོས་དོན་མེད་པས། ད་རེས་ཁོང་འཛིན་བཟུང་བྱེད་དོན་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་རེད། རྩོམ་པ་པོ་ཡཱང་ལགས་འཛིན་བཟུང་བྱས་པ་དེས་རྒྱ་ནག་གཞུང་གིས་སོ་སོའི་མི་སེར་ཙམ་མ་ཟད་རྒྱལ་ཁབ་གཞན་གྱི་མི་སེར་ལའང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་བཞིན་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མཁས་པ་དང་ཆབ་སྲིད་པ། ཚོང་ལས་གཉེར་མཁན་སོགས་རྒྱལ་སྲུང་བདེ་འཇགས་ལ་ཁ་གཡར་ནས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། དེ་དག་ལས་མི་སྣ་ཁག་ཅིག་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་ན་ཡང་རྒྱ་ནག་གཞུང་གིས་དེ་དག་ལ་ངོས་ལེན་དང་དོ་སྣང་བྱེད་བཞིན་མེད་པ་དང་། གནད་དོན་དེས་རྒྱ་ནག་གཞུང་གིས་ཕྱི་ལ་དབང་ཤུགས་རྒྱ་སྐྱེད་ཀྱི་གནས་བབ་དངོས་སུ་མཚོན་གྱི་ཡོད་ན་ཡང་། རྒྱ་ནག་གཞུང་གི་བྱེད་ཕྱོགས་དེས་ཕན་ཚུན་བར་འབྲེལ་ལམ་དང་ཡིད་ཆེས་ལ་དོ་ཕོག་འགྲོ་ཡི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༨ ལོ་ནས་ཨོ་སི་ཊོ་ལི་ཡ་གཞུང་ནས་རྒྱ་ནག་གིས་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་སྐོར་བརྗོད་དེ། ཕྱིའི་རྒྱལ་ཁབ་ཁག་གིས་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་ཁྲིམས་གསར་གཏན་འབེབས་ཡོངས་བསྒྲགས་བྱས་རྗེས། ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༨ ནང་ཨོ་སི་ཊོ་ལི་ཡ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནང་མཉམ་ཞུགས་ཀྱིས་རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་གི་ཚད་རིམ་ལྔ་ཅན་དྲ་ལམ་སོགས་གཞུང་འབྲེལ་བཀག་སྡོམ་བྱས་ཡོད་པ་རེད། དེ་བཞིན་འདི་ལོའི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཉམས་ཞིབ་ཚན་པ་ཞིག་གིས་ཞིབ་འཇུག་བྱས་པ་ལྟར། འདས་པའི་ལོ་ཤས་ནས་ཨོ་སི་ཊོ་ལི་ཡའི་མི་སེར་གྱིས་རྒྱ་ནག་ལ་ཚོང་འབྲེལ་དང་ཆབ་སྲིད་སོགས་ཕྱོགས་གང་ཐད་ནས་ཡིད་ཆས་བྱེད་ཤུགས་ཆུང་དུ་ཕྱིན་ཏེ། ད་ལྟའི་ཆར་རྒྱ་ནག་ལ་ཡིད་ཆེས་བྱེད་མཁན་གྱི་ཚད་གཞི་ཆེས་དམའ་ཤོས་སུ་ལྷུང་ཡོད་པའི་གྲུབ་དོན་བཏོན་ཡོད་པ་རེད།

རྩོམ་པ་པོ་ཡཱང་ཧིན་ཅིན་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་རྒྱ་ནག་ཧུའུ་པའེ་ཞིང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན། དེ་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར་ཧོང་ཀོང་དུ་རྒྱ་ནག་གི་བཟོ་ཚོང་ཁང་ཆེན་པོ་ཞིག་གི་འགན་འཛིན་བྱས། ཕྱིས་སུ་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའི་རྩ་འཛུགས་འོག རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། མགོ་འཁྲིད་བཅས་ཀྱི་བདེ་འཇགས་གནས་བབ་ལ་འགན་འཁུར་གྱི་ལས་ཀ་བྱས་ཏེ། ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་སུ་ཕྱིན་ནས་ཨོ་སི་ཊོ་ལི་ཡའི་མི་སེར་ཆགས་ཡོད་འདུག ཁོང་གིས་དེ་སྔོན་བརྩམས་སྒྲུང་དེབ་གཉིས་བྲིས་ཡོད་པ་མ་ཟད། རྒྱུན་དུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཁ་གཏད་ཀྱི་རྩོམ་ཡིག་མང་པོ་བྲིས་ཡོད་པར་བརྟེན།  ཕྱི་ལོ་ ༢༠༡༡ ལོར་ཁོང་རྒྱ་ནག་ཏུ་ཕྱིན་སྐབས་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱས་རྗེས། མི་ངོས་མ་ཟིན་པར་ནོར་ནས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་དེ་ཀློད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༠༩

Leave a Reply