རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོའི་དངོས་གཞི་དབུ་འཛུགས་གནང་།

བྱེས་ཀྱི་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་བྱང་གྲྭ་ཚང་གཉིས་ནས་ཉིན་གྲངས་བཞིའི་རིང་ཕྱི་ནང་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་གནང་བཞིན་འདུགརྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ཧྲིལ་པོ་༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་ཆེད། འདི་ལོ་ལོ་འཁོར་གཅིག་རིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། རི་བོ་དགེ་ལྡན་པའི་གདན་ས་གྲྭ་ཚང་སོ་སོའི་ངོས་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་རྗེས་དྲན་གྱི་བྱེད་སྒོ་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་པ་ལྟར། རྗེ་ཙོང་ཁ་ཆེན་པོའི་གདན་ས་དང་རི་བོ་དགེ་ལྡན་པའི་མ་དགོན་འཕགས་ཡུལ་ལྷོ་ཕྱོགས་སུ་རྟེན་གཞིི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་རྩེ་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་གཉིས་ཀྱིས། ཁ་སང་ཕྱི་ཚེས་༡༠ ཉིན་ཕྱི་ནང་གི་ལྟ་སྒོམ་ཐོག་མཁས་པའི་བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། དེ་རིང་ནས་རྗེས་དྲན་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་སོང་།

ཐེངས་འདིར་ཕྱི་ནང་ལྟ་སྒོམ་ཐོག་བགྲོ་གླེང་གནང་མཁན་རྒྱ་གར་གྱི་མངའ་སྡེ་འདྲ་མིན་༨ དང་ས་ཁུལ་མི་འདྲ་བ་ཉི་ཤུ་ལྷག་ནས་ནང་པ་དང་ཕྱི་རོལ་གྱི་ལྟ་གྲུབ་ལ་ཆེད་མཁས་མི་སྣ་དང་། མཐོ་སློབ་ཀྱི་སློབ་སྤྱི། དགེ་རྒན་ཆེན་མོ། དེ་བཞིན་ཕྱི་ནང་ལྟ་སྒོམ་ཀྱི་ལས་དོན་སྤེལ་མཁན་ཚོགས་སྡེ་འདྲ་མིན་གྱི་དབུ་འཁྲིད་དང་།  བོད་ཀྱི་ཆོས་བརྒྱུད་ཁག་སོ་སོའི་མཁས་པ་དང་འཐུས་མི། ཟུར་ཉན་པ་བཅས་མི་གྲངས་༡༡༠ ཙམ་འཛོམས་འདུག་ལ། ད་ལན་གྱི་ཉིན་གྲངས་བཞིའི་རིང་གི་བགྲོ་གླེང་ཐོག་ཕྱི་ནང་ལྟ་སྒོམ་ཐོག་མཁས་པ་རྣམས་ཀྱིས་བགྲོ་གླེང་གནང་གི་ཡོད་པ་རེད།བགྲོ་གླེང་གཙོ་སྐྱོང་བ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་ལ། ཐེངས་འདིའི་བགྲོ་གླེང་བརྒྱུད་ཐུགས་རེ་གཙོ་བོ་ག་རེ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། གཙོ་བོ་གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་གནང་བོའི་རིགས་གཞུང་བསྐྱར་གསོ་དང་ཕྱི་ནང་ལྟ་གྲུབ་ཐོག་རྒྱུས་ལོན་དང་མཐུན་སྒྲིལ་གོང་མཐོར་སྤེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་སྐོར་གསུངས་བྱུང་ལ། ཕྱི་ནང་ལྟ་གྲུབ་ཐོག་གཞི་རྒྱ་ཆེ་བའི་འཕགས་བོད་མཁས་པའི་བགྲོ་གླེང་ཚོགས་པ་ནི་ད་ལན་ཐེངས་དང་པོ་ཆགས་ཡོད་འདུགགཞན་ཡང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༧གོང་ས་སྐྱབས་མགོན་ཆེན་པོའི་བདེ་རྩ་ཚོགས་པས་ལོ་ལྟར་གོ་སྒྲིག་གནང་བཞིན་པའི་ཆོས་ལུགས་འདྲ་མིན་དབར་བགྲོ་གླེང་དང་། གནས་སྐོར་གྱི་ལས་རིམ་དེ་བདུན་ཕྲག་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སྤེལ་ཏེ། དེ་རིང་ཕྱི་ཚེས་༡༡་ཉིན་མཇུག་སྒྲིལ་གནང་ཡོད་པ་དང་། ལས་གཞི་དེའི་ནང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་ཆོས་ལུགས་འདྲ་མིན་ཁག་ལྔ་ཙམ་ནས་མཉམ་ཞུགས་གནང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༧/༡༢

Leave a Reply

One thought on “རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོའི་དངོས་གཞི་དབུ་འཛུགས་གནང་།

  1. ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་འདི་ལྟར་བུ་ཞིག་གོ་སྒྲིག་གནང་ཐུབ་པ་དགའ་གུས་དང་ཡི་རངས་ཞུ་རྒྱུ་ཡིན། ད་དུང་འདི་དང་འདི་ལྟ་བུ་གདན་ས་ཁག་གི་གཙོ་འགན་ཁུར་བའི་ཐོག་འབད་དགོས་པ་གལ་ཆེན་མཐོང་།