བོད་ཀྱི་ཆོས་དང་རིག་གཞུང་ལ་ཞེན་ཁོག་བྱེད་པ་དེ་ལྐུགས་པའི་ཞེན་ཁོག་མིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞབས་ཞུ་བ་གཞོན་སྐྱེས་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་གནང་སྐབས་རྒྱ་ནག་གཞུང་གི་དཔོན་རིགས་ནང་བོད་པའི་ཐོག་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་ཤོད་མཁན་ཡོང་གི་ཡོད་སྐོར་གསུངས་འདུག  

དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་དང་བླང་ཞབས་ཞུའི་ལས་ཁུངས་སུ་དང་བླང་ཞབས་ཞུ་སྒྲུབ་བཞིན་པའི་བོད་རིགས་ན་གཞོན་ཁག་ཅིག་ལ་མཇལ་ཁ་གནང་སྐབས། བོད་རིགས་གཞོན་སྐྱེས་ཚོས་བོད་པའི་སྤྱི་ཚོགས་སུ་ལས་ཀ་བྱ་རྒྱུ་གནད་ཆེ་ཞིང་སེམས་ཤུགས་བསྐྱེད་དགོས་སྐོར་གསུངས་འདུག

གཞོན་སྐྱེས་ཚོས་སེམས་ཤུགས་སྐྱེད་དེ་བོད་སྤྱི་བའི་ལས་དོན་ལ་ཧུར་བརྩོན་དགོས་སྐོར་ལ྄་༧གོང་ས་མཆོག་གིས། ཁྱེད་རང་ཚོའི་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུ་དེ་དཔེ་གལ་ཆེན་པོ་ཡིན་པ་དང་། ད་ལྟ་བར་དུ་ང་ཚོ་བོད་པ་ཚོ་གྲུང་ཐག་ཆོད་བྱས་ཏེ་བསྡད་པ་རེད། ད་དུང་ཡིན་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ཞེན་ཁོག་བཅས་གཞི་རྩར་བཟུང་ནས། རྒྱ་མིས་ག་ཚོད་དབང་ཡོད་བཤད་ན་ཡང་། བོད་པ་ཚོས་སེམས་ཤུགས་ཁྱོན་ནས་བརླགས་རྒྱུ་མེད་པར་མུ་མཐུད་སེམས་ཤུགས་བསྐྱེད་དགོས་པ་རེད། ཤེས་སོང་ངམ། ཞེས་གསུངས་འདུག

ཡང་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ནང་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་གྲུབ་འབྲས་ཐོན་གྱི་མེད་པས་སྲིད་བྱུས་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་འདོན་མཁན་ཡོང་གི་ཡོད་སྐོར་ཁོང་གིས། རིམ་པས་རྒྱ་ནག་ནང་དུ་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་། རྒྱ་མིའི་དཔོན་རིགས་ཚོའི་ནང་ལོགས་ནས་ཀྱང་ད་ལྟའི་བར་བོད་ཐོག་ལ་འཛིན་བཞིན་པའི་སྲིད་བྱུས་དེར་གྲུབ་འབྲས་ཐོན་གྱི་མེད་པ་དང་། བོད་པའི་ཐོག་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་གསར་པ་ཞིག་འཛིན་དགོས་པའི་བསམ་ཚུལ་ཤོད་མཁན་ཡོད་སྐོར་ཤོད་ཀྱི་འདུག དེ་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ལ་འགྱུར་བ་མེད་པར་བསྡད་པས་ཡིན་པ་རེད། ཅེས་གསུངས།

བོད་ཀྱི་ཆོས་དང་རིག་གཞུང་ལ་ཞེན་ཁོག་བྱེད་པ་དེ་ལྐུགས་པའི་ཞེན་ཁོག་ཙམ་མིན་སྐོར་ཁོང་གིས། ང་ཚོ་བོད་པའི་ཞེན་ཁོག་དེ་ལྐུགས་པའི་ཞེན་ཁོག་མ་ཡིན་པར། བོད་པའི་ཆོས་དང་རིག་གཞུང་འཛམ་གླིང་ལ་ངོམ་ཆོག་པ་ཞིག་ཡིན་པ་དང་། འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྟབས། བོད་མི་རིགས་ཀྱིས་སོ་སོའི་རིག་གཞུང་ལ་ཞེན་ཁོག་དང་སྤོབས་པ་བྱེད་རྒྱུ་དེ་རྒྱུ་མཚན་ལྡན་པ་ཞིག་རེད། དེ་ནས་ཁྱེད་རང་ཚོ་སེམས་སྐྱིད་པོ་བྱོས། ལས་ཀ་ཧུར་ཐག་བྱོས་ཤིག ཅེས་གསུངས་འདུག

དགའ་ལྡན་ཕོ་བྲང་གི་དྲ་རྒྱར་བཀོད་པའི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་ཁག་ལྔས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༤

Leave a Reply