སི་ལོ་ཝཱ་ཁེ་ཡའི་སྲིད་འཛིན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་གནང་།

སི་ལོ་ཝཱ་ཁེ་ཡའི་སྲིད་འཛིན་ལྕམ་ཛོ་ཛཱ་ནཱ་ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་འཕེལ་དང་ཕན་ཚུན་གུས་བརྩི་གཞིར་བཞག་ནས་ཡར་རྒྱས་ཡོང་དགོས་སྐོར་གསུངས་འདུག རྒྱ་ནག་གཞུང་གིས་ཤར་ཡུ་རོབ་ཀྱི་ནང་དར་གོས་ཚོང་ལམ་མཉམ་འབྲེལ་གྱི་ལས་གཞི་རྒྱ་སྐྱེད་གཏོང་ཆེད། བདུན་ཕྲག་འདིའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌི་(Poland)དང་ཧང་གྷ་རི(Hungary)། སི་ལོ་ཝཱ་ཀེ་ཡ་་(Slovakia)སོགས་ཀྱི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སི་ལོ་ཝཱ་ཁེ་ཡའི་སྲིད་འཛིན་ལྕམ་ཛོ་ཛཱ་ནཱ་ཀཱ་པུ་ཊོ་ཝཱ་(Zuzana caputova)ལགས་ཀྱིས་ཝང་ཡས་ལ་ཐུག་འཕྲད་གནང་སྐབས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དང་། སྤྱི་དམངས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་འཛིན་བཟུང་བཙོན་འཇུག་དང་། གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་དད་མོས་བརྡལ་བཤིག་གཏོང་བཞིན་པའི་སྐོར་་གླེང་སློང་དང་སྐྱོན་བརྗོད་གནང་ཡོད་འདུག

དེ་རིང་ཡུ་རོབ་ཀྱི་(euractiv)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ལྕམ་ཛོ་དཱ་ནཱ་ལགས་ཀྱིས་གཏམ་བཤད་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་དེ་ང་ཚོ་ཐུན་མོང་གི་རང་དབང་དམིགས་ཡུལ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་གོང་འཕེལ་དང་ཕན་ཚུན་གུས་བརྩི་ལ་གཞི་བཞག་ནས་ཡར་རྒྱས་སུ་འགྲོ་དགོས་ཀྱི་ཡོད། སི་ལོ་ཝཱ་ཁེ་ཡའི་རྒྱལ་ཁབ་དེ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་ཁོངས་ཡིན་པ་ལྟར། ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གཟིགས་ཚུལ་གང་འདྲ་ཡོད་པ་དེ་བཞིན་གྱི་ལངས་ཕྱོགས་འཛིན་གྱི་ཡོད་སྐོར་གསུངས་འདུག

ཡང་གནས་ཚུལ་དེའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་པོ་ལིན་ཌིའི་ནང་ཉིན་གཉིས་རིང་ལྟ་སྐོར་བྱས་རྗེས། སི་ལོ་ཝཱ་ཁེ་ཡའི་རྒྱལ་ཁབ་ནང་བསླེབས་སྐབས་ཝང་ལ་སྣེ་ལེན་བྱེད་སྟངས་མི་འདྲ་བ་ཆགས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུལ་དེའི་ནང་ཕེབས་ཏེ་ཡུལ་དེའི་སྲིད་འཛིན་ཟུར་པ་ཨན་དྷི་རེ་རྗི་ཁེ་སི་ཁཱ(Andrej Kiska)མཆོག་དང་མཇལ་འཕྲད་གནང་སྐབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་བཟོས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་སྐོར་སོགས་བཀོད་འདུག

ད་ལྟ་ཝང་ཡས་ཀྱིས་ཧང་གྷ་རིའི་ནང་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་།  ཧང་གྷ་རི་ནི་ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཐོག་མར་ངོས་ལེན་བྱེད་མཁན་གྱི་གྲས་ཤིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་ཚོང་འབྲེལ་ལས་གཞི་བཙུགས་ཏེ་རྒྱ་ནག་གི་ཅ་དངོས་ཤུགས་ཆེན་ཕྱིར་འདྲེན་བྱེད་དུ་འཇུག་གི་ཡོད་ན་ཡང་། རྒྱ་ནག་གིས་ཡུ་རོབ་ཀྱི་ཐོན་སྐྱེད་ཅ་དངོས་བརྒྱ་ཆ་ ༥ ཙམ་ལས་ནང་འདྲེན་བྱེད་ཀྱི་མེད་པས། འདི་ལོར་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་ཚོང་ལས་འདྲ་མཉམ་མིན་པའི་གླེང་གཞི་མགོ་བཙུགས་ཡོད་པ་མ་ཟད།  ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་རང་དབང་འཐབ་རྩོད་པ་དང་། ཁྲིམས་རྩོད་པ་མང་པོ་ཞིག་གང་བྱུང་འཛིན་བཟུང་བཀག་ཉར་འོག་ཡོད་པ་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༢

Leave a Reply