འཚེ་བ་མེད་པ་ཞེས་པ་དེ་མཚམས་གང་ལ་འཇོག་དགོས་རེད།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྲོག་འཕྲོག་པ་དང་ལུས་བཅད་པ་ཡིན་ན་ཡང་འཚེ་བ་ཡིན་པས་ཁྱབ་པ་མེད་ལ། དེ་ཚོ་ཚང་མ་བྱ་བ་དེའི་རྒྱབ་ལྗོངས་ཀྱི་ཀུན་སློང་ལ་ལྟོས་དགོས་ཀྱི་ཡོད་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་འཆད་ཚུལ་ཞིག་རེད། ཅེས་གསུངས་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་མ་ཟིན་ཙམ་ལ་བཞུགས་སྒར་དྷ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་གོ་སྒྲིག་འོག བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་དོ་འཁུར་ཅན་གྱི་མི་མང་བཅས་མི་གྲངས་ ༤༠ མ་ཟིན་ཞིག་ལ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་ཆོས་ཀྱི་ཐོག་ནས་འཚེ་མེད་ཞི་བ་ལག་བསྟར་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གསུང་བཤད་གནང་སོང་བ་དང་། གསུང་བཤད་གྲུབ་རྗེས་ཚོགས་བཅར་བ་དང་ལྷན་དུ་དྲི་བ་དྲིས་ལན་དང་། ཚོགས་བཅར་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་ཁྲི་ཟུར་མཆོག་གི་བཀའ་སློབ་ཐད་གོ་བསྡུར་གནང་སོང་།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ནང་པའི་གཞུང་ལུགས་ནང་རྣམ་པ་ཐམས་ཅད་དུ་འཚེ་བ་དེ་སྤང་བྱ་རེད། ཡིན་ན་ཡང་། འཚེ་བ་ཞེས་པའི་མཚམས་དེ་གང་ལ་འཇོག་མིན་དང་། འཚེ་བ་མེད་པ་ཞེས་པའི་མཚམས་དེ་གང་ལ་འཇོག་དགོས་མིན་དེ་གཞི་དང་སྦྱོར་བ་ལ་གཙོ་ཆེ་བར་ལྟ་ཡི་མེད་པ་རེད། བསམ་པ་དང་ཀུན་སློང་ལ་གཙོ་ཆེ་བར་བལྟས་ནས་ཐག་གཅོད་བྱེད་རྒྱུ་ཞིག་རེད། དེར་བརྟེན། སྔགས་ཀྱི་སྐབས་ལ་ལས་བཞིའི་རྣམ་གཞག་འཆད་དུས་དགྲ་བོ་མངོན་འགྱུར་གྱི་ལས་ཞེས་པའི་ནང་བསད་པ་དང་གཏུབ་པ་ལྟ་བུ་ཡོད་རེད། དེ་ཚོ་འཚེ་བ་ཡིན་ཞེས་ཟེར་གྱི་མེད། སྲོག་འཕྲོག་པ་ཡིན་ན་འཚེ་བ་ཡིན་པས་ཁྱབ་པ་ཡོད་མ་རེད། ལུས་བཅད་པ་ཡིན་ན་ཡང་འཚེ་བ་ཡིན་པས་ཁྱབ་པ་མེད། དེ་ཚོ་ཚང་མ་བྱ་བ་དེའི་རྒྱབ་ལྗོངས་ཀྱི་ཀུན་སློང་ལ་ལྟོས་དགོས་ཀྱི་ཡོད་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་འཆད་ཚུལ་ཞིག་རེད། ཅེས་གསུངས་སོང་།ཡང་ཁོང་གིས། འཚེ་བ་ཞེས་པ་དེ་མང་ཆེ་བ་དུག་གསུམ་གྱི་ནང་ནས་ཞེ་སྡང་གི་དབང་གིས་ཡོང་གི་ཡོད་པ་རེད། ཆགས་པའི་དབང་གིས་འཚེ་བ་ཡོང་གི་ཡོད་ཀྱང་ཞེ་སྡང་དང་བསྡུར་ན་ཉུང་བ་རེད། ཤ་དང་པགས་པའི་ཆེད་དུ་ཉ་དང་ལུག་བསད་པ་ལྟ་བུ་ཆགས་པའི་དབང་གིས་སྲོག་ཆགས་ངེས་ཅན་དང་འགྲོ་བ་ངེས་ཅན་ལ་འཚེ་བ་བྱེད་པ་ལས། ཆགས་པའི་དབང་གིས་དམག་འཁྲུག་རྒྱག་པ་དང་། མི་བསད་པ་སོགས་ཏོག་ཙམ་ཉུང་ཉུང་ཡོད་པ་རེད། ཡིན་ན་ཡང་འཚེ་བ་མང་ཆེ་བ་དེ་ཁོང་ཁྲོ་དང་འཁོན་འཛིན་ལ་བརྟེན་ནས་ཡོང་གི་ཡོད་པར་བརྟེན། འཚེ་བས་ཁོང་ཁྲོ་དང་འཁོན་འཛིན་ཉུང་དུ་གཏོང་རྒྱུའི་ཚབ་ལ་མང་དུ་གཏོང་གི་ཡོད་པ་དང་། གཞུང་ལུགས་ནང་དུ་ཡང་འཚེ་བ་ཞེས་པ་དེ་གཙོ་བོ་རང་གི་མི་དགའ་སའི་དགྲ་ཞིག་གི་ཐོག་ལ་བྱེད་ཀྱི་ཡོད་ཀྱང་། འཚེ་བས་ནམ་ཡང་དགྲ་མེད་པར་བཟོ་ཐུབ་ཀྱི་མེད་པ་དང་། དགྲ་དེ་ཞི་དགོས་ན་ཁྲོ་བ་དེ་སྤོང་དགོས་ཀྱི་ཡོད་པ་བཀོད་ཡོད་སྐོར་དང་།  ང་ཚོའི་ལུས་ངག་ཡིད་གསུམ་གྱི་འཚེ་བའི་ནང་ནས་ལུས་ཀྱི་འཚེ་བ་ཧ་ལམ་མེད་པ་ལྟ་བུ་རེད། ཡིན་ན་ཡང་ངག་གི་འཚེ་བ་ལྟ་བུར་མཚོན་ན། བོད་ནང་ལ་དེ་འདྲའི་གོ་སྐབས་མེད་པ་རེད། རང་དབང་ལུང་པའི་ནང་སྡོད་མཁན་གྱི་བོད་པའི་མང་ཚོགས་ཚོས་སྤྱིར་དེང་སང་ལས་འགུལ་ཞེ་དྲགས་མེད་ཀྱང་། ཆོ་ག་ཕྱག་ལེན་གྱི་བཟོ་ལྟ་བུར་གསུམ་བཅུའི་དུས་དྲན་དང་དམངས་གཙོའི་དུས་དྲན་སྐབས་རྔམ་སྟོན་ཁྲོམ་སྐོར་སོགས་བྱེད་ཀྱི་ཡོད་པ་དང་། དེ་དག་གི་སྐབས་ངག་ནས་ཚིག་རྩུབ་དང་རྒྱབ་ལྗོངས་ལ་ཡང་ཁོང་ཁྲོའི་རྣམ་འགྱུར་མ་གཏོགས་བྱམས་བརྩེའི་རྣམ་འགྱུར་དཀོན་པོ་ཞེ་དྲགས་ཡིན་པ་རེད། སྤྱིར་ནང་པའི་གཞུང་ལུགས་ཁག་གི་ནང་དུ་གཙོ་བོ་ཡིད་ཀྱི་འཚེ་བ་སྤོང་དགོས་པ་གསུང་གི་ཡོད་པ་དང་། སོ་ཐར་གྱི་སྡོམ་པའི་སྐབས་སུ་ལུས་ངག་གི་ཉེར་སྤྱོད་སྡོམ་པ་ལས་ཡིད་ཀྱིས་སྡོམ་རྒྱུ་དཀོན་པོ་རེད། ཡིན་ན་ཡང་བྱང་ཆུབ་སེམས་པའི་སྡོམ་པའི་སྐབས་གཙོ་བོ་ཡིད་ཀྱི་སྡོམ་པ་སྲུང་དགོས་ཀྱི་ཡོད་སྐོར་དང་། ང་ཚོས་སྤྱོད་འཇུག་སོགས་ཀྱི་གཞུང་ལུགས་ནང་གི་འཚེ་བ་མེད་པའི་ཐབས་ལམ་དེ་ཚོ་བཀོལ་སྤྱོད་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

བཀའ་ཟུར་མཆོག་ནས་བཀའ་སློབ་ལམ་སྟོན་གྲུབ་རྗེས་ཚོགས་བཅར་བའི་དོགས་འདྲི་ཁག་ཅིག་ལ་བཀའ་ལན་གནང་སྐབས། ཚོགས་བཅར་བ་ཞིག་གིས་དུས་རྒྱུན་གཞན་དང་འཁྲུག་རྩོད་སོགས་བྱུང་དུས་འཕྲལ་དུ་ཁོང་ཁྲོའི་བསམ་བློ་ཇི་ལྟར་ཟློག་དགོས་སྐོར་བཀའ་འདྲི་ཞུས་པར་བཀའ་ཟུར་མཆོག་གིས། སྤྱིར་ཞེ་སྡང་དང་ཁོང་ཁྲོ་ཞེས་པ་དེ་ཚེ་རབས་མང་པོ་ནས་མིའི་རྒྱུད་ལ་གོམས་བསྡད་ཡོད་ཀྱང་། བཟོད་པ་ཞེས་པ་དེ་གོམས་མེད་སྟབས། ཁོང་ཁྲོ་ལམ་སེང་སྐྱེས་ན་ཡང་བཟོད་པ་ཟེར་བ་དེ་བསམ་བློ་བཏང་ནས་དུས་ཡུན་རིང་པོའི་རྗེས་ལ་མ་གཏོགས་སྐྱེ་ཐུབ་ཀྱི་མེད་པ་རེད། དེར་བརྟེན་བཟོད་པའི་ཐད་ལ་ཡང་ནས་ཡང་དུ་བསྒོམ་པ་ཡིན་ན་གང་འཚམ་ཞིག་ནས་ཁོང་ཁྲོའི་བག་ཆགས་དེ་ཇེ་ཉུང་དུ་འགྲོ་ཐུབ་ཀྱི་ཡོད་པ་དང་། ཁོང་ཁྲོ་ལངས་སྐབས་ཐོག་མར་ཁོང་ཁྲོ་ཟེར་བ་དེ་ཡག་པོ་མེད་པར་ངོས་ཟིན་ཐུབ་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་ལན་གནང་སོང་། དེའི་རྗེས་ཚོགས་བཅར་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་བཀའ་ཟུར་མཆོག་གི་ལམ་སྟོན་ཐད་གོ་བསྡུར་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༡༥

Leave a Reply

2 thoughts on “འཚེ་བ་མེད་པ་ཞེས་པ་དེ་མཚམས་གང་ལ་འཇོག་དགོས་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།
    བསམ་གཏན་ཤེས་རབ་ཕར་ཕྱིན་དྲུག།
    ཕར་ཕྱིན་དྲུག་ལ་ཉམས་ལེན་མ་ཐུབ་ན།
    ས་ལམ་བགྲོད་པའི་ནུས་པ་ག་ནས་ཡོད།