བོད་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་ཤུགས་ཆེན་གནང་།

ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེའོ་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་ཨ་རིའི་ཆོས་དད་རང་དབང་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་མེད་པར་ནམ་ཡང་ཁྱེད་ཚོའི་རྒྱབ་ཏུ་ལངས་ཡོད་ཅེས་གསུངས་འདུགཁ་སང་ཕྱི་ཚེས་ ༡༦ ནས་ཉིན་གསུམ་རིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གོ་སྒྲིག་འོག་ལྷན་ཁང་དེའི་ཚོགས་ཁང་དུ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་སྐབས་གཉིས་པ་ཚོགས་བཞིན་ཡོད་པ་དང་། ཚོགས་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་ ༡༡༥ ཙམ་གྱི་ཕྱི་སྲིད་བློན་ཆེན་རྣམ་པ་དང་། ཆོས་ལུགས་མི་སྣ། དེ་བཞིན་བཙོན་གྲོལ་ཐོབ་པའི་ཆོས་ལུགས་མི་སྣ་བཅས་མཉམ་ཞུགས་གནང་ཡོད་པའི་ཁྲོད། ཨ་རིའི་རྒྱལ་གཅེས་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། དེ་བཞིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་ཅིག་བཅས་མཉམ་ཞུགས་གནང་ཡོད་འདུག

ལྷན་ཚོགས་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེའོ་མཆོག་གིས། ངས་དེ་རིང་འདིར་ཕེབས་པའི་ཆོས་ལུགས་མི་སྣ་དང་ཆོས་དད་རང་དབང་སྲུང་སྐྱོབ་གནང་མཁན་ཡོངས་ལ་འཚམས་འདྲི་ཞུ་ཡི་ཡོད། ཁྱེད་རང་ཚོས་ད་བར་མི་སྒེར་གྱི་ཆོས་ལུགས་རང་དབང་སྲུང་སྐྱོབ་བྱེད་མཁན་ཚོར་དྲག་གནོན་འོག་ནས་སྲུང་སྐྱོབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་ཁག་ཅིག་གིས་ཤེས་ཡོད་རྒྱུ་རེད། ཨ་རི་དབུ་བརྙེས་པའི་གཞི་རྩའི་སྒྲོམ་གཞི་ལྟར་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་གི་ཐོབ་ཐང་སྐོར་ལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད་ལ། ལྷན་ཚོགས་འདིའི་ཐོག་ཞིབ་འཇུག་ཚོགས་ཆུང་སྐོར་ལ་གྲོས་མོལ་གནང་བའི་རེ་བ་ཡོད།  ང་ཚོའི་བར་གྱི་ཁྱད་པར་ལ་མ་ལྟོས་པར་ཚང་མས་ཆོས་ལུགས་དད་མོས་རང་དབང་དགོས་པར་འདོད་ཀྱི་ཡོད་པ་གཅིག་མཚུངས་ཆགས་ཡོད་པ་དང་།  མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་དད་མོ་ནི་རང་དབང་ཡིན་པ་རེད། དེ་ནི་མི་ཚང་མར་ཆ་སྙོམས་ཐོག་མཁོ་བའི་བཟང་སྤྱོད་ཅིག་རེད། འཛམ་གླིང་གི་མི་ཚང་མས་རང་ཉིད་ཀྱི་ཁྱིམ་དང་ལྷ་ཁང་། དེ་བཞིན། མང་ཚོགས་ཁྲོད་སོགས་ནས་ཆོས་དད་བྱེད་པ་ནི་སོ་སོའི་ཐོབ་ཐང་ཡིན་པས། བདུན་འདིའི་ནང་ང་ཚོས་ཆོས་ལུགས་རང་དབང་དེ་དག་གོང་འཕེལ་ཇི་ལྟར་གཏོང་རྒྱུའི་ཐོག་གྲོས་བསྡུར་བྱ་དགོས་ཀྱི་ཡོད། མཇུག་མཐར། ཨ་རིའི་ཆོས་དད་རང་དབང་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་མེད་པར་ནམ་ཡང་ཁྱེད་ཚོའི་རྒྱབ་ཏུ་ལངས་ཡོད། ཅེས་གསུངས་ཡོད་པ་རེད།དེའི་རྗེས་ལྷན་ཚོགས་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་གཙོས་དྲག་གནོན་འོག་ནས་ཐར་བའི་མི་ ༡༥ ཙམ་གྱིས། ཆོས་དད་རང་དབང་གི་གནས་སྟངས་སྐོར་གླེང་བའི་བརྙན་ཐུང་ཞིག་གཟིགས་འབུལ་གནང་ཡོད་པ་དང་། ཁོང་ཚོས་བརྙན་དེའི་ནང་མི་སྒེར་གྱི་དད་པ་དམ་ཚིག་དང་ཆོ་ག་ཆོས་ལུགས་ནི་སོ་སོའི་རང་དབང་ཡིན་ཡང་།  དེང་སང་འཛམ་གླིང་ནང་ཆོས་དད་རང་དབང་གི་ཐོབ་ཐང་དྲག་གནོན་འོག་ཡོད་པ་དང་། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༨༠ ཙམ་ལ་ཐོབ་ཐང་དེ་རག་གི་མེད་སྐོར་དང་། འཛམ་གླིང་ནང་ཆོས་དད་རང་དབང་གལ་ཆེན་ཡིན་པ་བཞིན་མེད་པ་དེས། དམག་འཁྲུག་དང་སྤྱི་ཚོགས་བདེ་འཇགས་མེད་པ། དེ་བཞིན། འཇིགས་སྐུལ་རིང་ལུགས་སོགས་ཇེ་མང་དུ་འགྲོ་ཡི་ཡོད་སྐོར་དང་། ཆོས་དད་རང་དབང་སྲུང་སྐྱོབ་ཡོད་ན་རང་དབང་གཞན་རྣམས་རང་བཞིན་གྱིས་ཡར་རྒྱས་ཡོང་གི་ཡོད་སྐོར་སོགས་བརྗོད་འདུག

ཉིན་དེའི་ཕྱི་དྲོར་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་དཀའ་ངལ་ཞེས་པའི་བརྗོད་གཞིའི་འོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་ཧྥི་རན་ཁུ་ཝོལ་ཧྥི་(Frank Wolf)ལགས་གཉིས་ཀྱིས་གཏམ་བཤད་ཅིག་གནང་ཡོད་པ་དང་།  སྐབས་དེར་ལྕམ་ནན་སི་པི་ལོ་སི་ (Nancy Pelosi)མཆོག་གིས།  གོ་ལ་ཧྲིལ་བོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ང་ཚོས་བློ་ཚབ་ཆེན་པོ་སྐྱེས་ཀྱི་ཡོད་པ་ཤེས་ཀྱི་ཡོད་ནའང་། ངས་རྒྱ་ནག་ལ་དོ་སྣང་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནི་བོད་དང་རྒྱ་ནག་གི་ས་ཁུལ་གཞན་ནང་ཆོས་དད་རང་དབང་རྡོག་རོལ་རྒྱ་ཆེན་གཏོང་བཞིན་ཡོད་པ་དང་། དཔལ་འབྱོར་གྱི་འདོད་མོས་གལ་ཆེན་ཏུ་བཟུང་སྟེ་ཆོས་ལུགས་ཀྱི་རིན་ཐང་སྣང་མེད་གཏོང་གི་ཡོད་པ་རེད། དེ་བས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་ང་ཚོར་སྐད་ཆ་བཤད་པའི་འདོད་བློ་མེད་ཚེ། ང་ཚོས་འཛམ་གླིང་གི་ས་ཕྱོགས་གང་དུའང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་ཐད་སྐད་ཆ་བཤད་པའི་བཟང་སྤྱོད་ཀྱི་དབང་ཚད་དེ་བརླག་པ་རེད། དཔལ་འབྱོར་ཐད་གལ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་ང་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐབ་ཐང་རྩོད་ལེན་ལ་གཡོལ་ཐུབ་ཐབས་རྩ་བ་ཉིད་ནས་མེད་པ་རེད། ཅེས་གསུངས་འདུག

ཡང་ལྕམ་སྐུ་མཆོག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་སྲིད་བྱུས་མཁྲེགས་འཛིན་པ་ཞིག་ཡིན་པ་དང་། རྒྱ་ནག་གི་སྲིད་འཛིན་དུ་གྱུར་ནས་ཨ་རིར་ཐོག་མར་ཡོང་སྐབས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་ནས་བོད་ནང་གི་ཆོས་དད་རང་དབང་ལ་བློ་ཚབ་ཡོད་སྐོར་ཞུས་པར། བོད་ནང་དངོས་སུ་ཕྱིན་ཏེ་རྟོག་ཞིབ་བྱས་ན་ཤེས་ཚུལ་བརྗོད་སོང་བས། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་ཕྱིན་སྐབས། དངོས་སུ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཐོག་དམ་དྲག་བྱེད་བཞིན་པ་མཐོང་ཡོད་པ་དང་། རྒྱ་རིགས་འབོར་ཆེན་བོད་ནང་གནས་སྤོ་བྱས་པ་ཡིས་བོད་རིགས་ཚོ་གྲངས་ཉུང་མི་རིགས་བཟོ་ཐབས་སོགས་བྱེད་བཞིན་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ་དང་། དེ་བཞིན་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་(Chen Quanguo)ཡིས། བོད་ནང་ལག་བསྟར་གང་བྱས་པ་རྣམས་དེང་སྐབས་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་བ་ཚོའི་ཐོག་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་ཁོ་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ལ་བསྐོས་པའི་རྒྱུ་མཚན་ནི་བོད་ནང་དམ་དྲག་བྱེད་ཆེད་དུ་དམིགས་པ་དང་། དེའི་རྗེས་ཡུ་གུར་བ་ཚོར་དམ་དྲག་བྱེད་དུ་བཏང་ཡོད་སྟབས། ཁོའི་ཐོག་རྒྱལ་སྤྱི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ངོས་འཛིན་བྱེད་པའི་དུས་ལ་བབས་ཡོད་སྐོར་གསུངས་འདུགདེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝོལ་ཧྥི་ལགས་ཀྱིས། ང་ལ་དོན་ཚན་གཉིས་བཤད་རྒྱུ་ཡོད། གཅིག་ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གྱི་ཁྲིམས་འཆར་འདོན་སྐབས། ཨ་རིའི་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱིས་ཆ་ཤས་ཤུགས་ཆེན་བླངས་ཡོད། འོན་ཀྱང་། ཁ་སང་དེ་རིང་ངས་ཁོ་ཚོ་སྔོན་མ་ནང་བཞིན་མཐོང་གི་མི་འདུག དེ་ནས་གཉིས་པ་དེར་ཨ་རིའི་བཟོ་ཚོང་ཁང་མང་པོ་ཞིག་གིས་རྒྱ་ནག་དང་ལྷན་དུ་ཚོང་རྒྱག་འདོད་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་ང་ཚོར་ཨུ་རུ་སུ་མཉམ་འབྲེལ་མཐུན་ཚོགས་ནང་ཚོང་རྒྱག་མཁན་མེད་པ་དང་། ད་ལྟ་བོད་དང་ཡུ་གུར་ནང་གནས་སྟངས་ག་རེ་བྱུང་དང་འབྱུང་བཞིན་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་ལྷན་དུ་ཚོང་རྒྱག་མཁན་འབྱུང་གི་ཡོད་པ་འདི་གཉིས་ནི་ང་ལ་སུན་སྣང་བཟོ་བྱེད་ཅིག་རེད་འདུག ཅེས་གསུངས་སོང་།

ཁོང་ཐེངས་འགའ་ལ་རྒྱ་ནག་ཏུ་ཕྱིན་པའི་མྱོང་ཚོར་དང་འབྲེལ་ནས་ད་ལྟ་རྒྱ་ནག་ནང་ཆོས་དད་རང་དབང་ལ་དྲག་གནོན་ཇི་ལྟར་བྱེད་ཀྱི་ཡོད་སྐོར་ལ་ཁོང་གིས།  ད་ལྟ་རྒྱ་ནག་ནང་གི་ཆོས་ལུགས་རང་དབང་གི་གནས་སྟངས་ནི་འདས་པའི་ལོ་ངོ་ ༣༠ རིང་གི་གནས་བབ་སྡུག་ཤོས་དེ་ཆགས་ཡོད། ཡེ་ཤུ་ཁད་ཐོ་ལིའི་ལྷ་ཁང་ཁག་ལ་འཇིགས་སྐུལ་གཏོང་གི་ཡོད་པ་དང་། ཡེ་ཤུའི་ཆོས་དཔོན་བརྒྱ་ཕྲག་མང་པོ་བཙོན་ཁང་དུ་བཅུག་སྟེ་ཁྲིམས་རྩོད་བྱེད་དུ་འཇུག་གི་མེད་པ་རེད། ད་ལྟ་ཡུ་གུར་བ་ཚོ་ནི་དམངས་གཙོར་བསྒྱུར་འདོད་ཡོད་པ་དང་། རྒྱ་ནག་གི་བཀག་སྐྱིལ་ཁང་དུ་ཡུ་གུར་བ་ས་ཡ་གསུམ་དང་གཉིས། གཅིག་བཅས་ག་ཚོད་ཡིན་ཡང་། མདོར་བསྡུས་ན་ངས་བཀག་སྐྱིལ་ཁང་དེ་དག་ནི་སི་ཊ་ལིན་དང་འཇར་མན་ན་ཙིའི་སྐབས་ལྟ་བུ་མཐོང་གི་འདུག ཅེས་གསུངས་སོང་།

མཇུག་ཏུ་ཁོང་གིས། ཕྱི་ལོ་ ༡༩༩༠ ནང་ང་རོགས་པ་འགའ་དང་ལྷན་དུ་བོད་ནང་ཕྱིན་པ་ཡིན། ང་ཚོས་མཐོང་བ་ནི་བོད་མིའི་ཐོག་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བ་དེ་རེད། བོད་ཀྱི་གྲྭ་པ་དང་བཙུན་མ་མང་པོ་ཞིག་བཙོན་འཇུག་བྱས་ཏེ་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་དང་། བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་ཡོད། རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག་མཐའ་ན་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་ཞིག་ཉར་ན་ཡང་བོད་མི་ཚོ་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༡༧

Leave a Reply