དུས་རབས་འདིའི་ཆོས་དད་རང་དབང་གི་གནས་སྟངས་སྡུག་ཤོས་རྒྱ་ནག་ཡིན་སྐོར་གསུངས།

ཨ་རིའི་གཞུང་གིས་རོགས་སྐྱོར་ལས་གཞི་ (USAID) ཐོག་ཨ་སྒོར་ས་ཡ་ ༢༧ གསར་སྣོན་དང་ཆོས་དད་རང་དབང་སྲུང་སྐྱོང་ཆེད་རྒྱལ་སྤྱིའི་ཆོས་དད་རང་དབང་མནའ་འབྲེལ་ཚོགས་པ་གསར་འཛུགས་གནང་བ་ཡོངས་བསྒྲགས་གནང་།ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གོ་སྒྲིག་གནང་པའི་ཉིན་གསུམ་རིང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལྷན་ཚོགས་ (Ministerial to Advance Religious Freedom) སྐབས་གཉིས་པའི་ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་ཐོག ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་ (Mike Pompeo) ལགས་ཀྱིས་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཆོས་དད་རང་དབང་མནའ་འབྲེལ་ཚོགས་པ་(International Religious Freedom Alliance) ཞེས་པ་ཞིག་གསར་འཛུགས་དང་། ཨ་རིའི་རོགས་སྐྱོར་ལས་གཞི་ (USAID) ཆེད་ཨ་སྒོར་ས་ཡ་ ༢༧ གསར་སྣོན་གནང་རྒྱུ་ཡིན་སྐོར་ཡོངས་བསྒྲགས་གནང་བ་དང་འབྲེལ། རྒྱ་ནག་ནི་དུས་རབས་འདིའི་ཆོས་དད་རང་དབང་གི་གནས་སྟངས་སྡུག་ཤོས་ཀྱི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད་སྐོར་གྱི་སྐྱོན་བརྗོད་གནང་ཡོད་འདུག

མཇུག་བསྡོམས་མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མེག་པེན་སི་ (Mike Pence) ལགས་ཀྱིས། ང་ཚོའི་རྒྱལ་ཁབ་འདི་དབུ་འཛུགས་དུས་ནས་བཟུང་ཆོས་དད་རང་དབང་གི་རྒྱབ་ལ་ལངས་ཡོད། ང་ཚོའི་ཕ་མེས་ཡང་མེས་རྣམས་ཀྱིས་རང་གི་ཁྱིམ་གཞིས་དོར་ཏེ་འདིར་གཞིས་ཆགས་ཡོད། ཁོ་ཚོས་འདིར་འཛམ་གླིང་བསྐྱར་གསོ་བྱ་རྒྱུའི་གོ་སྐབས་ཡོད་པ་ཤེས་ཡོད། ཁོ་ཚོས་ང་ཚོའི་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཕྱི་མོའི་ནང་དུ་ཆོས་ལུགས་རང་དབང་སྲུང་སྐྱོབ་བྱ་རྒྱུ་ཟིན་བྲིས་སུ་བཏབས་ཡོད། ཕྱིས་སུ་ང་ཚོར་རང་བཙན་ཐོབ་རྗེས། ཨ་མེ་རི་ཁའི་རྩ་ཁྲིམས་ཟིན་བྲིད་འདེབས་མཁན་རྣམས་ཀྱིས་ཆོས་དད་རང་དབང་འདི་ཉིད་ཨ་མེ་རི་ཁའི་རང་དབང་ཁྲོད་ནས་དང་པོའི་གྲས་སུ་བཞག་ཡོད། ཅེས་དང་། ཨ་རིའི་རང་བཙན་བསྒྲགས་གཏམ་གྱིས་ང་ཚོའི་རྩ་ཆེན་གྱི་རང་དབང་དེ་དག་གཞུང་གིས་ལེགས་སྐྱེས་སུ་སྤྲད་པ་ཞིག་མིན་པར། ང་ཚོའི་བཀོད་པ་པོས་ང་ཚོར་གནང་བ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། ཨ་རི་བ་རྣམས་ཀྱིས་མི་མང་རྣམས་རང་གི་ལེགས་ཉེས་ཕྱེ་བའི་རྣམ་དཔྱོད་ཀྱི་འོག་ནས་འཚོ་དགོས་པ་ལས། གཞུང་གི་བཙན་བཀའི་འོག་འཚོ་དགོས་པ་ཞིག་ཏུ་འདོད་ཀྱི་མེད། ཅེས་གསུངས་འདུགདེ་བཞིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་ལགས་ཀྱིས་འདི་ལོའི་ལྷན་ཚོགས་དེ་ཉིད་སྔར་ལས་ལེགས་གྲུབ་ཆེ་བར་བྱུང་ཡོད་པ་དང་། ལྷན་ཚོགས་ཐོག་བྱུང་བའི་བསམ་ཚུལ་རྣམས་ལག་ལེན་དུ་བསྟར་དགོས་སྐོར་གསུངས་པ་དང་འབྲེལ་ཁོང་གིས། ཨ་རིའི་རོགས་སྐྱོར་ལས་གཞི་ (USAID) ཐོག་ཨ་སྒོར་ས་ཡ་ ༢༧ གསར་སྣོན་བྱ་རྒྱུ་དང་། ཨ་རིས་ཆོས་དད་རང་དབང་སྲུང་སྐྱོང་ཡོང་ཆེད་རྒྱལ་སྤྱིའི་ཆོས་དད་རང་དབང་མནའ་འབྲེལ་ཚོགས་པ་ཞེས་པ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་ལ། ཆོས་དད་རང་དབང་ཐད་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་འདིས་བསམ་ཚུལ་གཅིག་མཚུངས་ཅན་གྱི་རྒྱལ་ཁབ་རྣམས་གཅིག་ལ་བསྡུས་ཏེ། རྒྱལ་སྤྱིའི་སྟེང་གི་ཆོས་དད་རང་དབང་གི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས་འདུག

མཛད་སྒོའི་ཐོག་སྲིད་འཛིན་གཞོན་པ་དང་རྒྱལ་སྲིད་དྲུང་ཆེ་རྣམ་གཉིས་ནས་རྒྱ་ནག་ནང་གི་གནས་སྟངས་སྐོར་དམིགས་སུ་བཀར་ནས་ཟུར་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་ནི་དུས་རབས་འདིའི་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྡུག་ཤོས་ཡིན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་དུས་རབས་འདིའི་ཞན་ཆ་ཞིག་ཏུ་གྱུར་ཡོད་སྐོར་གྱི་སྐྱོན་བརྗོད་གནང་འདུག དེ་ཡང་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་མི་མང་གི་འཚོ་གནས་དང་བསམ་བློར་དབང་བསྒྱུར་བྱེད་འདོད་ཡོད་པ་རེད། ཐ་ན་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་དག་གིས་རྒྱལ་ཁབ་རེ་འགར་ལྷན་ཚོགས་འདིའི་ནང་མི་ཞུགས་རྒྱུར་གནོན་ཤུགས་སྤྲད་ཡོད་པ་རེད། གལ་ཏེ་ཁྱེད་རང་རྒྱ་ནག་གི་གནོན་ཤུགས་ལ་མ་འཛེམས་པར་ལྷན་ཚོགས་འདིར་མཉམ་ཞུགས་བྱས་ཡོད་ཚེ། ང་ཚོས་ཁྱེད་རང་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡང་གལ་ཏེ་རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་ལྷན་ཚོགས་འདིར་ཞུགས་མེད་ཚེ། ང་ཚོས་དེར་བལྟ་རྒྱུ་རེད། ཅེས་གསུངས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་གཉའ་གནོན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཡེ་ཤུའི་རྗེས་འབྲང་བ་རྣམས་ལའང་བཙན་གནོན་བྱེད་ཀྱི་ཡོད་ཀྱང་། འདས་པའི་ལོ་ངོ་ ༢༠༠༠ ནང་ད་ལྟའི་རྒྱ་ནག་ནང་གི་ཡེ་ཤུའི་རྗེས་འབྲང་བའི་མི་འབོར་འཕར་བའི་མྱུར་ཚད་བཞིན་གཞན་གང་དུ་ཡང་བྱུང་མྱོང་མེད་སྐོར་སོགས་གསུངས་འདུག་ལ། དེ་བཞིན་སྲིད་འཛིན་གཞོན་པ་དང་རྒྱལ་སྲིད་དྲུང་ཆེ་རྣམ་གཉིས་ནས་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ ༨༣ ལྷག་ཆོས་དད་རང་དབང་གཏན་དུ་མེད་པའམ། ཆོས་དད་རང་དབང་བཀག་འགོག་བྱེད་སའི་རྒྱལ་ཁབ་ནང་འཚོ་སྡོད་བྱེད་ཀྱི་ཡོད་སྐོར་གསུངས་འདུགགཞན་ཡང་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱིས།  ཨི་རན་ (Iran) གྱིས་འདས་པའི་དུས་ཡུན་རིང་པོར་ཆོས་དད་རང་དབང་རྡོག་རོལ་ཤུགས་ཆེར་བཏང་ཡོད་སྐོར་དང་། ཨ་རིས་ཉེ་ཆར་ཨི་རན་གྱི་རྒྱབ་གཉེར་ཡོད་པའི་དམག་གི་རུ་ཁག་གི་མགོ་འཁྲིད་གཉིས་ལ་ཉེས་ཆད་བཅད་ཡོད་པ་མ་ཟད། འབར་མ་ (Burma) གཞུང་ངོས་ནས་ཁ་ཆེ་རོ་ཧིན་གྷ་ཡ་ (Rohingya) གྲངས་ཉུང་མི་རིགས་རྩ་མེད་གཏོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་བརྩམས་པའི་རྐྱེན་གྱིས། ད་བར་ཁ་ཆེ་རོ་ཧིན་གྷ་ཡ་འབུམ་ ༧ ལས་མང་བ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་འགྲོ་དགོས་པའི་གནས་སྟངས་བྱུང་ཡོད་སྟབས། ཨ་རིའི་ངོས་ནས་འབར་མ་གཞུང་གི་མཐོ་རིམ་དམག་གི་མགོ་འཁྲིད་གཉིས་ལ་ཡང་ཨ་རིར་ཡོང་བའི་ཐོངས་མཆན་ཕྱིར་བསྡུ་བྱས་ཡོད་སྐོར་སོགས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༡༩

Leave a Reply