རྒྱལ་ཚོགས་ཀྱིས་ཉེས་མེད་བོད་མི་དགུ་ཡི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གནས་ཚུལ་རྟོག་ཞིབ་པས་རྒྱ་ནག་གཞུང་གིས་ཉེས་མེད་བཙོན་འཇུག་བྱས་ཡོད་པའི་བོད་རྔ་བ་ནས་ཡིན་པའི་བོད་མི་དགུ་ཡི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་དགོས་པའི་རེ་སྐུལ་ཡི་གེ་སྤྲད་ཡོད་འདུགདེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གནས་ཚུལ་རྟོག་ཞིབ་པས། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་བོད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དང་མི་སེར་དཀྱུས་མ་ ༩ འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རྣམས་ཀྱི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་དགོས་པའི་ཤོག་གྲངས་ ༡༠ ཅན་གྱི་རེ་སྐུལ་ཡི་གེ་ཞིག་བཏང་ཡོད་འདུག

དམིགས་བསལ་རྟོག་ཞིབ་པའི་རེ་སྐུལ་ཡི་གེའི་ནང་། ང་ཚོས་རྒྱ་ནག་གཞུང་གིས་རང་གི་ཆོས་ལུགས་དང་རིག་གཞུང་གི་མངོན་འདོད་གསལ་སྟོན་བྱེད་མཁན་གྱི་བོད་མི་ ༩ ལ་ཐག་གཅོད་དེ་འདྲ་བྱས་པར་བློ་ཕམ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཉེས་དོན་སྒྲིག་ཁྲིམས་ཀྱི་དོན་ཚན་ ༡༠༣ གྱི་ནང་གསེས་ ༢ པའི་ཁ་བྲལ་སྐུལ་སློང་ཟེར་བ་བཀོལ་སྤྱོད་བྱས་ཏེ། བོད་མི་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་རང་དབང་། དེ་བཞིན་རིག་གཞུང་གི་ཐོབ་ཐང་བཅས་ཀྱི་ཐོག་ལ་བཙན་གནོན་བྱེད་བཞིན་པ་དང་། རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་དང་གོང་འཕེལ་གཏོང་མཁན་གྱི་ཁྲིམས་རྩོད་པ་རྣམས་ཀྱི་ཐོག་ལ་དམ་དྲག་བྱེད་བཞིན་པ་དེར་བློ་འཚབ་ཡོད། ཅེས་དང་། དེ་བཞིན་བོད་མི་དགུ་དེར་ཁྲིམས་བཤེར་གྱི་བརྒྱུད་རིམ་བཞིན་ཕྱིན་མེད་པ་མ་ཟད། ད་ལྟ་ཁོ་ཚོ་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ཇི་ཡིན་སོགས་ཀྱི་གནས་ཚུལ་གང་ཡང་མེད་པ་དེར་སེམས་འཚབ་བྱེད་ཀྱི་ཡོད་ལ། རྒྱ་ནག་གི་འབྲེལ་ཡོད་མགོ་འཁྲིད་རྣམས་ཀྱིས་བོད་མི་དགུ་དེའི་གཉེན་ཉེ་ཚོར་ཐུག་འཕྲད་བཀག་འགོག་བྱས་པར་བློ་ཕམ་ཆེན་པོ་ཡོད། ཅེས་བཀོད་ཡོད་འདུག

རེ་སྐུལ་ཡི་གེ་དེའི་མཐའ་མཇུག་ཏུ། རྒྱ་ནག་གཞུང་ངོས་ནས་བོད་མི་ ༩ ཡིས་ནག་ཉེས་ག་རེ་བཟོས་ཡོད་པ་དང་། ཁོང་ཚོ་བཙོན་འཇུག་བྱས་དགོས་པའི་ཁྲིམས་ཐོག་གི་རྒྱུ་མཚན་རྒྱབ་ལྗོངས། ད་ལྟ་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་། འཕྲོད་བསྟེན་གནས་སྟངས་དང་། དགོས་གལ་སྐབས་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་མེད། དེ་བཞིན་ཁོང་ཚོའི་ནང་མི་སྤུན་མཆེད་རྣམས་ལ་ཁོང་ཚོའི་གནས་ཚུལ་མཁོ་སྤྲོད་དང་། ཐུག་འཕྲད་བྱེད་པའི་ཐོབ་ཐང་སྤྲད་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་དང་། སྤྱི་ཡོངས་ནས་བོད་མི་རྣམས་ལ་ཁྲིམས་ཀྱི་མདུན་སར་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་། དེ་བཞིན་རང་གི་བདེ་སྲུང་དང་། འདྲ་མཉམ་ལོངས་སུ་སྤྱོད་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་མེད་གསལ་སྟོན་དང་། ཆོས་དད་རང་དབང་སོགས་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་རྣམས་ལ་མ་ཉེས་ཁ་གཡོགས་དང་ཁོ་ཚོའི་བདེ་འཇགས་སྲུང་སྐྱོབ་ཆེད་སྲིད་བྱུས་སོགས་ག་རེ་བཏིང་ཡོད་མེད་སྐོར་གྱི་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་དགོས་པའི་སྐུལ་མ་བཏང་ཡོད་འདུག

ད་ལན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་སྐུལ་ཡི་གེ་དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་ཁུལ་གྱི་འགན་འཛིན་ཁའེ་མུ་ལར་ (Kai Mueller) ལགས་ཀྱིས། ད་ཐེངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གནས་ཚུལ་རྟོག་ཞིབ་མི་སྣ་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་ ༩ དེར་ལུགས་མཐུན་མིན་པའི་ཁྲིམས་ཐག་བཅད་ཡོད་སྐོར་དང་། རྒྱ་ནག་གཞུང་ལ་བོད་མི་ ༩ དེ་འཛིན་བཟུང་བྱེད་དགོས་དོན་དང་ཁོང་ཚོའི་གནས་སྟངས་ཇི་ཡིན་སྐོར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་དང་། རྒྱ་ནག་གིས་མུ་མཐུད་བོད་མི་ ༩ དེ་བཙོན་འཇུག་བྱས་ཡོད་པས་ཁོང་ཚོར་གནས་ཚུལ་ཅི་བྱུང་ལ་རྒྱ་ནག་གཞུང་གིས་འགན་ལེན་དགོས་པ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་མི་ཆབ་སྲིད་བཙོན་པ་ཚང་མ་ཀློད་གྲོལ་མ་བྱུང་བར་དང་། བོད་མི་རྣམས་ནས་རང་གི་ཆོས་ལུགས་དང་རིག་གཞུང་རྣམས་རང་དབང་གི་ཐོག་ནས་ལོངས་སུ་སྤྱོད་རྒྱུ་མ་བྱུང་བར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་དེའི་སྐོར་གྱི་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྐབས་དེར་ཀིརྟི་དགོན་གྱི་དགེ་འདུན་པ་བཞི་དང་། གྲྭ་ཟུར་གཉིས།  བུད་མེད་གཉིས། སྐྱེས་པ་གཉིས་བཅས་སྐྱ་སེར་ཕོ་མོ་བཅུ་ལ་ཕྱི་ལོ་ ༢༠༡༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙི་བྱས་པའི་ནག་ཉེས་བཙུགས་ཏེ་ཁྲིམས་ཐག་བཅད་ཡོད་པའི་ཁྲོད།  རང་ལོ་ ༥༠ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་ལགས་ལ་ལོ་༡༤ དང་། རང་ལོ་ ༤༤ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་ལ་ལོ་༡༣། རང་ལོ་ ༢༩ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་ལགས་ལ་ལོ་༡༢། རང་ལོ་ ༤༡ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་གྲོས་ལགས་ལ་ལོ་༩ ། རང་ལོ་ ༤༨ ཡིན་པའི་ལྷ་སྡེ་འགབ་མའི་བོན་ཁོ་སྐྱིད་ལགས་ལ་ལོ་༧། རང་ལོ་ ༣༥ ཡིན་པའི་མི་སྐྱ་ཨ་ཀྱ་ཀྱ་ལགས་ལ་ལོ་༥། སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་རང་ལོ་ ༣༣ ཡིན་པའི་སྤྲོ་ཚིགས་ཚུལ་ཁྲིམས་ལགས་ལ་ལོ་༦། རང་ལོ་ ༣༢ ཡིན་པའི་ཚུར་ཏེའམ་ཚུལ་ཁྲིམས་ལགས་ལ་ལོ་༥། ཆོས་རྗེ་མ་ནས་ཡིན་པའི་ཏཱ་རེ་སྐྱིད་ལགས་ལ་ལོ་༨ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་འབྲེལ་གྱི་གནས་ཚུལ། http://tibettimes.net/2016/12/07/153295/

གསར་འགོད་པ། པ་སངས་ཚེ་རིང་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༩

Leave a Reply