བོད་ནང་ག་རེ་བྱུང་གི་ཡོད་པ་དེ་ནི་ཨེ་ཤ་ཡ་ལས་བརྒལ་བའི་དཀའ་ངལ་ཞིག་ཡིན་པས་སྣང་མེད་དུ་གཏོང་མི་རུང་།

ཧི་མ་ལ་ཡ་དང་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་མེ་ཁེལ་བྷག་ལེ་ལགས་ཀྱིས་བོད་མཐོ་སྒང་གི་འཁྱག་རོམ་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་པས་འཕྲལ་དུ་དུག་རླངས་སོགས་ཀྱི་འབག་བཙོག་མཚམས་འཇོག་བྱས་ཏེ་སྐྱོབ་ཐབས་བྱེད་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུགཁ་སང་སྣོད་བཅུད་རྟེན་འབྲེལ་དཔྱད་ཞིབ་པའི་དྲ་བ་(Ecologist)ཐོག་ཧི་མ་ལ་ཡའི་ཁོར་ཡུག་སྤྱི་དང་དམིགས་བསལ་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་མེ་ཁེལ་བྷག་ལེ་(Michael Buckley)ལགས་ཀྱིས། བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་(Climate emergency in Tibet)་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ། བོད་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཡོད་པ་དང་།  བོད་ནི་དྲན་པ་བརྗེད་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

དེང་སྐབས་འཛམ་གླིང་ནང་དབང་ཆ་རྩོད་རྙོག་ཕུད་པའི་འཛམ་གླིང་གི་ཁ་གཏད་དུ་ཡོད་པའི་དཀའ་ངལ་ཆེ་ཤོས་ཤིག་ནི་གནས་གཤིས་འགྱུར་ལྡོག་ཆགས་ཀྱི་ཡོད་ལ། ཆེད་མཁས་པ་ཁག་ཅིག་གིས་འཛམ་གླིང་དམག་ཆེན་གསུམ་པ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་ནས་ཡོང་རྒྱུ་ཡིན་སྐོར་བཤད་ཡོད། འདི་ལོ་དབྱིན་ཡུལ་དང་ཨར་ལན་ཌི་སོགས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཡིན་པ་ཡོངས་བསྒྲགས་བྱས་ཡོད་ཀྱང་། འཛམ་གླིང་གི་མི་འབོར་མང་ཤོས་རྒྱ་ནག་དང་རྒྱ་གར་གཉིས་ནས་ཚོང་གི་ཁེ་ཕན་གཙོ་འཛིན་གྱིས་སོལ་རླངས་བེད་སྤྱོད་མཚམས་འཇོག་གི་ལས་འགུལ་ནང་ཞུགས་མེད་པ་རེད།

དཔྱད་རྩོམ་དེའི་ནང་བོད་ཀྱི་རྒྱུག་ཆུ་ཁག་གི་ཕན་ནུས་དང་ད་ལྟའི་འཁྱག་རོམ་གཞུར་ཚད་ལྡབ་འགྱུར་ཆགས་ཡོད་སྐོར་ལ་ཁོང་གིས། འཛམ་གླིང་གི་ལྷོ་བྱང་ཨན་ཊར་ཊི་ཁུ་(Antarctic)དང་ཨར་ཊི་ཁུ་(Artic)གཉིས་ཀྱི་སྐོར་ལ་གསར་འགྱུར་མང་པོ་ཐོན་བཞིན་ཡོད་ཀྱང་། འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་མཐོ་སྒང་བོད་ཀྱི་འཁྱག་རོམ་ཞུ་ཡི་ཡོད་པའི་སྐོར་ལ་གནས་ཚུལ་ཉུང་ཉུང་ཙམ་ལས་མེད་པ་རེད། ས་ཁུལ་ཆེན་པོ་འདིས་འཛམ་གླིང་གི་སྣེ་གཞན་པ་གཉིས་ཀྱིས་བསྒྲུབས་མ་ཐུབ་པ་དེ་ཚོ་སྒྲུབ་བཞིན་ཡོད། དོན་དངོས་ཐོག་འདིས་རྒྱལ་ཁབ་བཅུ་གྲངས་ལྷག་དང་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༡།༥ ལྷག་ལ་ཆུ་གཙང་མ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། དེ་ནི་འཛམ་གླིང་གི་མི་འབོར་ཁྱོན་ཡོངས་ཀྱི་བརྒྱ་ཆའི་ ༥ ཆགས་ཀྱི་ཡོད། དེ་ཡང་འཐུང་ཆུ་མཁོ་སྤྲོད་ནི་བོད་ཀྱི་འཁྱག་རོམ་བཞུར་བ་ལ་བརྟེན་ནས་བྱུང་གི་ཡོད་པ་དང་། ཉེ་སྔོན་འཁོར་སྐར་བརྒྱུད་ཕྱི་ལོ་ ༡༩༧༠ ནང་དང་ད་ལྟའི་བོད་ཀྱི་འཁྱག་རོམ་ཞུ་ཚད་སྐོར་གྱི་ཞིབ་འཇུག་གྲུབ་དོན་ལྟར་ན། ད་ལྟ་བོད་ཀྱི་འཁྱག་རོམ་ཞུ་ཚད་དེ་སྔོན་ལས་ལྡབ་གཉིས་ལས་ཇེ་མགྱོགས་སུ་སོང་ཡོད། ཅེས་བརྗོད་འདུག

ཁོང་གིས་བོད་ནང་རང་བྱུང་གཏེར་ཁ་སྔོག་འདོན་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་ལྷ་སར་མེ་འཁོར་བསླེབས་པ་ནས་བཟུང་བོད་ཀྱི་རྩྭ་ཐང་བྱེས་ཐང་དུ་འགྱུར་བཞིན་ཡོད་པ་དང་། བོད་ཀྱི་འཁྱག་རོམ་བཞུས་པ་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཡིན་ཚེ་ཉེན་ཁ་མེད་ཀྱང་། འཁྱག་རོམ་ཞུ་ཚད་མཚམས་མ་ཆད་པར་ཡུན་རིང་ཕྱིན་ཚེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་ཉེན་ཁ་འཕྲད་རྒྱུ་ཡིན་སྐོར་དང་། གལ་སྲིད་བོད་ཀྱི་འཁྱག་རོམ་བཞུ་ཚར་ཚེ། བོད་ཀྱི་རྒྱུག་ཆུ་རྣམས་སྐམ་རྒྱུ་ཡིན་པས། བོད་ཀྱི་ཆུ་ལ་བརྟེན་པའི་མི་རྣམས་ཀྱིས་ཆར་དུས་ཁོ་ནར་རེ་སྒུག་བྱེད་དགོས་ཀྱི་ཡོད་སྐོར་དང་། བོད་ཀྱི་རྒྱུག་ཆུ་རྣམས་སྐམ་པ་ལ་བརྟེན་ནས་རྒྱ་ནག་གི་ཆུ་མཛོད་ཁག་ཀྱང་མཚམས་འཇོག་དགོས་བྱུང་སྟེ། མི་གྲངས་ཐེར་འབུམ་མང་པོར་རྒྱུག་ཆུ་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་དང་། སྤྱིར་བཏང་རྒྱ་ནག་དང་རྒྱ་གར་གཉིས་ལ་ས་འོག་ཆུ་ཡོད་ཀྱང་། ད་ལྟ་ཆུ་དེ་ཉུང་ཉུང་ཞིག་ལས་ལྷག་མེད་པ་རེད། ཚན་རིག་པ་ཁག་ཅིག་གིས། ཧི་མ་ལ་ཡའི་འཁྱག་རོམ་བཞུས་རྐྱེན་གྱི་བརྒྱ་ཆ་ ༥༠ ནི་དུག་རླངས་ལ་བརྟེན་ནས་བྱུང་གི་ཡོད་པ་དང་། རྒྱ་ནག་གིས་འཛམ་གླིང་གི་དུག་རླངས་བརྒྱ་ཆ་ ༣༠ འདོན་གྱི་ཡོད་པ་དང་། རྒྱ་གར་གྱིས་བརྒྱ་ཆ་ ༧ འདོན་གྱི་ཡོད། ཅེས་བརྗོད་འདུག

ཡང་རྩོམ་ཡིག་ནང་། ཕྱི་ལོ་ ༢༠༡༥ ལོར་ཕ་རི་སིའི་གནམ་གཤིས་གྲོས་ཆོད་ལ་རྒྱ་དཀར་ནག་གཉིས་ནས་མོས་མཐུན་བྱས་ཡོད་ཀྱང་། རྒྱ་དཀར་ནག་གཉིས་ནས་ཞ་ཉེ་ནག་པོ་བེད་སྤྱོད་གཏོང་མཚམས་འཇོག་རྒྱུ་གལ་ཆེན་རྩིས་མེད་པ་དང་། གནས་སྟངས་འདི་ཁོ་ནའི་སྟེང་ནས། བོད་ཀྱི་གནམ་གཤིས་གནས་སྟངས་ཛ་དྲག་ཡིན་པ་ཡོངས་བསྒྲགས་བྱེད་པའི་དུས་ལ་བསླེབས་ཡོད། རྒྱ་ནག་ད་སྔ་བར་ཡུ་རོབ་དང་སློབ་གྲྭ་ཁག་གིས་གོ་ལའི་འགུལ་སྐྱོད་ལ་ངོ་རྒོལ། དེ་བཞིན། རྩ་སྟོང་ལ་ངོ་རྒོལ་སོགས་ནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ལས་འགུལ་ཁག་གཅིག་གི་ནང་མཉམ་ཞུགས་བྱས་མེད། ཅེས་བརྗོད་འདུག

ཁོང་གིས། རྒྱ་གར་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ལས་འགུལ་ཁག་གི་ནང་མཉམ་ཞུགས་མི་ཉུང་བ་བྱས་ཡོད་ཀྱང་།  རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་མགོ་འཁྲིད་རྣམས་མཉམ་ཞུགས་བྱ་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། ཅེས་དང་། བོད་ནང་ག་རེ་བྱུང་གི་ཡོད་པ་ནི་ཨེ་ཤ་ཡ་ལས་བརྒལ་བའི་དཀའ་ངལ་ཞིག་ཡིན་པ་དང་། དེས་གོ་ལ་ཧྲིལ་པོའི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། ང་ཚོས་སྣང་མེད་མ་བཏང་བར་ལག་ལེན་བསྟར་བའི་དུས་ལ་བསླེབས་ཡོད། ཅེས་བརྗོད་འདུག

གསར་འགོད་པ་སྐལ་བཟང་སྦྱིན་པས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༩/༠༧/༢༠

Leave a Reply