ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཞིག་སྐུ་གྲོངས་བར་ཐུགས་གསོ་མཛད།

རྒྱ་གར་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་ཤི་ལའ་དྷིག་ཤི་ཏི་ལགས་སྐུ་གྲོངས་བར་༧གོང་ས་མཆོག་དང་སྲིད་སྐྱོང་མཆོག་ནས་ཤུལ་ལུས་ནང་མི་འབྲེལ་ཡོད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཤི་ལཱ་དྷིག་ཤི་ཏི་ (Sheila Dikshit) ལགས་སྙུང་གཞིའི་རྐྱེན་གྱིས་དགུང་ལོ་ ༨༡ ཐོག་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལྕམ་སྐུ་དམ་པའི་བུ་སན་དྷིབ་དྷིག་ཤི་ཏི་ (Sandeep Dikshit) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། བོད་མིའི་བློས་ཐུབ་ཀྱི་གྲོགས་མོ་ཞིག་འདས་གྲོངས་སུ་ཕྱིན་པར་བློ་ཕམ་བྱུང་སྐོར་གསུངས་འདུག

ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། སྐུ་ཉིད་ཀྱི་མ་ཡུམ་དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་པར་ངོས་རང་བློ་ཕམ་བྱུང་། ཁོང་མོས་གཞན་དོན་ཆེད་བློས་གཏོང་གནང་སྟེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པ་རེད་ལ། ལོ་དུ་མའི་རིང་ཁོང་མོ་དང་མཇལ་འཕྲད་བྱུང་བ་ནི་གཟི་བརྗིད་ཞིག་རེད། ཁོང་མོ་ནི་བོད་མིའི་བློ་ཐག་ཉེ་བའི་གྲོགས་མོ་ཞིག་ཡིན། ཅེས་གསུངས་འདུག

དེ་བཞིན་ཕྱི་ཚེས་ ༢༠ ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཐུགས་གསོའི་ནང་།  དམ་པ་ཁོང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པའི་བོད་ཀྱི་ཡུན་རིང་གི་གྲོགས་པོ་དང་བློས་ཐུབ་ཀྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་རེད། ཁོང་མོས་རྒྱ་གར་ནང་གི་བོད་མི་སྤྱི་དང་ཁྱད་པར་དུ་ལྡི་ལིར་གནས་སྡོད་བོད་མིའི་བདེ་དོན་ཐད་སྐུ་ལས་མང་པོ་བསྐྱོན་ཡོད་སྟབས། བོད་མི་ཡོངས་ནས་རྒྱ་གར་གྱི་བོད་དོན་ལས་འགུལ་བ་དང་བོད་ཀྱི་གྲོགས་པོ་དམ་པ་ཁོང་མོ་ནམ་ཡང་བརྗེད་མི་སྲིད་པ་དང་། ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་ཞུ་ཡི་ཡོད། ཅེས་གསུངས་འདུག

ལྕམ་སྐུ་དམ་པ་ཤི་ལཱ་དྷིག་ཤི་ཏི་ (Sheila Dikshit) ལགས་ནི་རྒྱ་གར་གྱི་པན་ཇབ་མངའ་སྡེའི་ (Punjab) ནང་སྐྱེས་ཤིང་། ཕྱི་ལོ་ ༡༩༨༤  ལོར་གྲོས་ཚོགས་འཐུས་མི་དང་ཕྱི་ལོ་ ༡༩༩༨ ནས་ ༢༠༡༣ བར་ལོ་ ༡༥ ཙམ་རིང་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གནང་སྟེ། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ལས་ཡུན་རིང་ཤོས་དང་རྒྱ་གར་གྱི་བུད་མེད་སྤྱི་ཁྱབ་བློན་ཆེན་ལས་ཡུན་རིང་ཤོས་དེ་ཆགས་ཡོད་འདུག ཁོང་མོས་སྤྱི་ཁྱབ་བློན་ཆེན་གྱི་འགན་འཁུར་སྐབས་ལྡི་ལིའི་མཁའ་དབུགས་གཙང་སེལ་དང་འཛིན་སྐྱོང་ཚགས་ཚུད་ཐད་ཕྱག་ལས་རྒྱ་ཆེན་གནང་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ མ་ཟིན་ཙམ་ལ་ལྡི་ལི་གསར་པའི་(Fortis Escorts Heart Institute) དུ་སྙིང་རྩ་འགག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༢༡ ཉིན་ལྡི་ལིའི་ཡ་མུ་ན་རྒྱུག་ཆུའི་འགྲམ་(Nigam Bodh Ghat) དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༢༢

Leave a Reply