སྦེལ་ཇམ་གྱི་འཁྲུག་འཛིང་སྐོར་ལ་ཚོཊ་པ་བརྒྱད་ཀྱིས་གསལ་བཤད་དང་འབོད་སྐུལ་གནང་།

སྦེལ་ཇམ་གྱི་བོད་མིའི་ཚོགས་པ་བརྒྱད་ཀྱིས་ཡུལ་དེའི་བོད་མི་རྣམས་ཁྱིམ་ཚང་གཅིག་ནང་བཞིན་བསྡད་ཡོད་པས་ཉེ་སྔོན་བྱུང་བའི་འཁྲུག་འཛིང་དེར་སྒྲོ་འདོགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་བཀྲམ་ནས་གཏོར་བཤིག་མ་གཏོང་རོགས་ཞེས་འབོད་སྐུལ་གནང་འདུག བོད་མིའི་སྒྲིག་འཛུགས་ནས་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་ལ་བཀོད་མངགས་གནང་བ་ལྟར། སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་རིགས་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ། ས་གནས་བུད་མེད་ལྷན་ཚོགས། དབུས་གཙང་ཆོལ་ཁ། མདོ་ཁམས་ཆུ་བཞི་སྒང་དྲུག མདོ་སྨད་ཆོལ་ཁ། ཤེས་རབ་སྣང་བྱེད་སློབ་གྲྭ་བཅས་ཚོགས་སྡེ་ཁག་ ༨ ཀྱི་འཐུས་མི་ལྷན་འཛོམས་ཐོག ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྦེལ་ཇམ་ནང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་པ་ཤོར་ཏེ་གཞོན་སྐྱེས་ ༥ ལ་རྨས་སྐྱོན་བཟོས་པའི་གནད་དོན་དེའི་སྐོར་ལ་གསལ་བཤད་གནང་ཡོད་པ་དང་སྦྲགས། མི་མང་ལ་འབོད་སྐུལ་གནང་བའི་བརྙན་ཐུང་ཞིག་སྦེལ་ཇམ་ས་གནས་གཞོན་ནུས་ཡུས་ཊོབ་ནང་བཞག་འདུག

སྦེལ་ཇམ་ནང་འཁྲུག་འཛིང་ཤོར་བའི་ཡུལ་དངོས་ཀྱི་བརྙན་ཐུང་ཁག་ཅིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། བོད་རིགས་སྤུན་ཟླ་ནང་ཁུལ་དུ་སྡང་སེམས་ཆེན་པོས་རུབ་རྡུང་བྱེད་མཁན་གྱི་གཞོན་སྐྱེས་དེ་དག་ངེས་པར་དུ་ཡུལ་དེའི་ཁྲིམས་སར་སྐྱེལ་དགོས་པ་དང་། བོད་མིའི་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ། དེ་བཞིན་ཡུ་རོབ་བོད་མིའི་རྐང་སྤོལ་རྩེད་འགྲན་དེ་གོ་སྒྲིག་གནང་མཁན་ཚོས་འགན་ཡག་པོ་ཁུར་ཐུབ་མེད་པ་སོགས་ཀྱི་སྐྱོན་བརྗོད་དང་། ད་ལན་གྱི་འཁྲུག་འཛིང་དེ་ཆོལ་ཁ་དང་ཡང་ན་ཚོགས་པ་འདྲ་མིན་བར་བྱུང་བ་ཡིན་ལུགས་སོགས་ཀྱི་གླེང་གཞི་མང་པོ་བྱུང་ཡོད་སྟབས། བརྙན་ཐུང་དེའི་ནང་འཁྲུག་འཛིང་གི་གནད་དོན་དེ་གཞོན་སྐྱེས་ཁག་ཅིག་ར་བཟི་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། ཆོལ་ཁ་ཆོས་བརྒྱུད་འཐེན་འཁྱེར་དང་འབྲེལ་བ་གང་ཡང་མེད་པས། མི་མང་ནས་སྦེལ་ཇམ་གྱི་བོད་རིགས་ཚོ་ཁྱིམ་ཚང་གཅིག་ནང་བཞིན་ཡོད་པའི་གནས་བབ་དེ་མི་གཏོར་བའི་ཆེད་དུ། སྒྲོ་འདོགས་ཀྱི་གནས་ཚུལ་རིགས་མི་བཟོ་བའི་རེ་སྐུལ་དང་སྦྲགས། ད་ལན་འཁྲུག་པ་རྒྱག་མཁན་གཞོན་སྐྱེས་རྣམས་ལོ་གཅིག་རིང་ཡུ་རོབ་རྐང་སྤོལ་རྩེད་འགྲན་ནང་ཞུགས་མི་ཆོག་པ་བཟོས་ཡོད་པ་དང་། སྦེལ་ཇམ་ཉེན་རྟོག་ཁང་ནས་ཐེངས་འདིའི་གནད་དོན་ཐག་གཅོད་གནང་གི་ཡོད་སྐོར་བརྗོད་འདུག

བརྙན་ཐུང་ནང་སྦེལ་ཇམ་གཞོན་ནུའི་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་ཀྱིས། ཡུ་རོབ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་ཡུ་རོབ་ནང་གི་བོད་མི་ཚོའི་རྩལ་ངོམ་ས་དང་རྩལ་བདག་པོ་རྒྱག་རྒྱུ་དེ་རེད། དེ་དང་མཉམ་དུ་གལ་ཆེན་པོ་ཞིག་ནི་ཡུ་རོབ་ཀྱི་བོད་མི་ཚང་མ་མཉམ་གཅིག་ཏུ་འཛོམས་ཏེ་ཕན་ཚུན་ངོ་ཤེས་དང་འབྲེལ་འདྲིས་ཡོང་ཐབས་སོགས་དམིགས་ཡུལ་དེ་རེད་ལ། དེ་གཞིར་བཟུང་གིས་དམིགས་ཡུལ་གང་ལ་གང་འཚམ་འགྲུབ་ཡོད་པ་རེད། ཡིན་ནའང་། ཉེ་སྔོན་ང་ཚོ་གོ་སྒྲིག་པའི་ངོས་ནས་གྲ་སྒྲིག་ཡག་པོ་བྱས་ཡོད་ལ་རྩེད་འགྲན་པའི་ངོས་ནས་ཀྱང་རྩེད་མོ་དཔེ་ཡག་པོ་རྩེས་ཡོད་པ་རེད། ཅེས་དང་། རྐང་སྤོལ་རྩེད་འགྲན་ཚར་རྗེས་མཚན་ཚོགས་ཤིག་ཚོགས་ཀྱི་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ་བོད་པ་ནང་ཁུལ་དུ་སྟབས་མ་ལེགས་པའི་ཆག་སྒོ་ཞིག་བྱུང་ཡོད་ཀྱང་། རྙོག་དྲ་དེ་རྩེད་འགྲན་པ་ཕན་ཚུན་བར་དང་མི་གཅིག་ལ་མི་བརྒྱད་དགུ་ཡིས་རུབ་རྡུང་བྱས་བཞག་པ་རྩ་བ་ནས་མིན་པ་དང་། རྙོག་དྲ་དེ་ཚོགས་ཁང་ནང་གི་མཛད་སྒོ་ཆ་ཚང་གྲུབ་རྗེས། ར་བཟི་བ་ལ་བརྟེན་ནས་གཞོན་སྐྱེས་ཁག་ཅིག་གི་བར་སྐད་ཅོར་བརྒྱབས་པ་དང་རྩོད་པ་ཆུང་ཆུང་རེ་ཤོར་ནས་ཆག་སྒོ་དེ་བྱུང་བ་ཡིན་པས། འཛིན་སྐྱོང་ངོས་ནས་གྲ་སྒྲིག་དང་འཐུས་ཤོར་བཏང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་གཏན་ནས་མིན་སྐོར་སོགས་བརྗོད་འདུག

དེའི་རྗེས་སྦེལ་ཇམ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས། ཉེ་ཆར་བོད་རིགས་བུ་གུ་ཚོའི་བར་ལ་འཁྲུག་འཛིང་ཤོར་བའི་གནད་དོན་དེ་སྦེལ་ཇམ་ཉེན་རྟོག་པའི་ཕྱག་ཏུ་ཡོད་པ་དང་། གནད་དོན་དེ་ལ་གྲུབ་འབྲས་ཅི་ཡོང་སྦེལ་ཇམ་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་ལ།  འཁྲུག་འཛིང་ཁྲོད་མི་ལྔ་ལ་རྨས་སྐྱོན་ཕོག་ཡོད་ཀྱང་སྲོག་ལ་སྐྱོན་མེད་པ་དང་། ཁོང་ཚོའི་ལྟ་སྐྱོང་འོག་ཡོད་པས་བོད་རིགས་ཚང་མས་སེམས་ཁྲལ་གནང་མི་དགོས་སྐོར་བརྗོད་འདུག

དེ་ནས་སྦེལ་ཇམ་མདོ་ཁམས་ཆུ་བཞི་སྒང་དྲུག་དང་སྦེལ་ཇམ་མདོ་སྨད་ཆོལ་ཁ། སྦེལ་ཇམ་དབུས་གཙང་ཆོལ་ཁ་བཅས་ཀྱི་སྐུ་ཚབ་ཀྱིས། ད་རེས་ཀྱི་འཁྲུག་འཛིང་དེ་ལོ་ཆུང་གཞོན་སྐྱེས་ཁག་ཅིག་ར་བཟི་ནས་བརྒྱབས་པ་ལས་ཆོལ་ཁ་ཆོས་བརྒྱུད། ཚོགས་པ་སོགས་བར་འཐེན་འཁྱེར་བྱས་ཏེ་བྱུང་བ་ཞིག་མིན་ཡང་། མི་ཁག་ཅིག་གིས་འཁྲུག་འཛིང་འདི་ལ་སྒྲོ་འདོགས་བྱས་ཏེ་ཆོལ་ཁ་གཏོར་ཐབས་བྱེད་བཞིན་ཡོད་པ་དང་། ད་ལྟ་སྦེལ་ཇམ་གྱི་བོད་མིའི་གནས་བབ་ནི་ནང་མི་གཅིག་ནང་བཞིན་བསྡད་ཡོད་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སེམས་ཁྲལ་རྩ་བ་གནང་མི་དགོས་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༢༤

Leave a Reply

10 thoughts on “སྦེལ་ཇམ་གྱི་འཁྲུག་འཛིང་སྐོར་ལ་ཚོཊ་པ་བརྒྱད་ཀྱིས་གསལ་བཤད་དང་འབོད་སྐུལ་གནང་།

  1. ཚོགས་པ་མང་ཡང་ཕན་འབྲས་མི་འདུག། ཞབས་འདྲེན་བཞག་སོང་བོད་མི་ཡོངས་ལ།
    ཤེས་ཡོན་མི་འདུག་བེལ་འཇམ་གཞོན་ནུ། ངོ་དེབ་ནང་ལ་ཞབས་འདྲེན་བཞག་སོང།
    དགྲ་ལ་བཤད་ན་དགའ་ལགས། གཉེན་ལ་བཤད་ལ་སྐྱོ་ལགས།